གཅིག འཚོ་བའི་ཁྲོད་ཀྱི་གནོད་ལྡན་དངོས་རྫས་གང་དག་གིས་བྱིས་པར་ལུས་སྐྱོན་ཅན་འབྱུང་བའི་ཉེན་ཁ་བཟོ་པ་ཡིན།
སྦྲུམ་མ་དང་སྦྲུམ་བུ་ལ་ཤུགས་རྐྱེན་ཡོད་པའི་གནོད་ལྡན་དངོས་རྫས་ནི་ཞ་དང་དངུལ་ཆུ། པིན་སོགས་བཟི་སྨན་རང་བཞིན་གྱི་རླངས་གཟུགས་དང་ཞིང་སྨན་སྣ་ཚོགས་ཡིན། དངོས་རྫས་འདི་དག་འདུས་ཡོད་པའི་དངོས་པོར་ང་ཚོས་དུས་རྒྱུན་དུ་རེག་ཐུག་བྱེད་བཞིན་ཡོད་དེ། དཔེར་ན་གློག་གཡིས་ལྟ་བུ་དང་ད་དུང་འགྱིག་ཤོག་གི་ནང་དུའང་ཞ་འདུས་ཡོད་པ་རེད། འགྱིག་དང་ཚོན་རྩི། བཟོ་ལས་ཐད་བཀོལ་བའི་སྤྱིན། འབར་རྫས། ཀོ་བ་བཅས་ཀྱི་ནང་དུ་པིན་ཞེས་པའི་གནོད་ལྡན་རྫས་དེ་འདུས་ཤིང་། དྲོད་ཚད་འཇལ་ཆས་དང་ཁྲག་ཤེད་དཔྱད་ཆས། ཉི་འོད་གློག་ཞུ་བཅས་ལའང་དངུལ་ཆུ་འདུས་ལ། རླངས་འཁོར་གྱི་དུ་བའང་གནོད་ལྡན་དངོས་རྫས་ཡིན་པས་དེ་དག་ལ་སྦྲུམ་མས་འཛེམ་ན་བཟང་། དེ་ལས་གཞན་བཟོ་ལས་ཐོན་སྐྱེད་སོགས་ཀྱིས་བརྫད་སྐྱོན་ཐེབས་པའི་ཆུ་འཐུང་ནའང་སྦྲུམ་བུ་ལུས་སྐྱོན་ཅན་འབྱུང་བའི་ཉེན་ཁ་ཆེ་བ་ཡིན།
གཉིས། ཨ་མའི་རྒྱུ་རྐྱེན་གང་དག་གིས་བྱིས་པ་ལུས་སྐྱོན་ཅན་སྐྱེ་བ་ཡིན།
མངལ་སྦྲུམ་ཡོད་པའི་སྐབས་སུ་སྦྲུམ་མའི་ལུས་ཕུང་བདེ་ཐང་ཡིན་དགོས་པར་མ་ཟད། ཟས་ཟ་མའི་འཚོ་བཅུད་ལ་དོ་སྣང་བྱས་ན་སྦྲུམ་བུ་བདེ་ཐང་ངང་ལག་ཆགས་པར་ཕན། གལ་ཏེ་སྦྲུམ་མར་དུས་ཡུན་རིང་པོར་དབྱང་དབུགས་ཀྱིས་མི་འདང་བའམ་ཡང་ན་སྙིང་ནད་དམ་ཁྲག་ཤེད་ཞན་པ། ཕོ་བའི་འཇུ་སྟོབས་མི་བཟང་བ། འཚོ་བཅུད་ཞན་པ་སོགས་བྱུང་ན། སྦྲུམ་བུའི་འཚར་སྐྱེ་ལ་གནོད་པར་མ་ཟད། ཐ་ན་སྦྲུམ་བུ་ཡ་མ་གཟུགས་ཆགས་སྲིད། འདི་ནས་ཚང་མར་གསལ་འདེབས་བྱེད་དགོས་པ་ཞིག་ནི་སྦྲུམ་མའི་ལོ་ཚོད་ཀྱི་རྒྱུ་རྐྱེན་དེ་དཔེར་ན་སྦྲུམ་མ་ལོ་སོ་ལྔ་ནས་སོ་ལྔའི་ཡན་ཡིན་ཚེ་དེ་བས་ཀྱང་མཉམ་འཇོག་གང་ལེགས་བྱེད་དགོས་པ་དེ་ཡིན།
གསུམ། བྱིས་པ་ལུས་སྐྱོན་ཅན་སྐྱེས་ན་གནོད་པ་གང་དག་ཡོད་དམ།
བྱིས་པ་ལུས་སྐྱོན་ཅན་ཡིན་ན་ཤི་ཚད་ཆེས་མཐོ་སྟེ། བྱིས་པ་སྐྱེ་རན་པའི་དུས་དང་ཡང་ན་སྐྱེས་རྗེས་ཀྱི་ཉིན་བདུན་ཡས་མས་ཙམ་ནང་ཤི་ཚད་ཆེས་མཐོ། སྔོན་ཐོན་རྒྱལ་ཁབ་དང་ས་ཁུལ་དུ་བྱིས་པ་སྐྱེ་རན་པའི་དུས་དང་ཡང་ན་སྐྱེས་རྗེས་དེ་མ་ཐག་ཤི་བའི་གྲངས་ཚད་བརྒྱ་ཆའི་བཅུའི་ནང་དུ་ཚོད་འཛིན་བྱས་ཡོད་ལ། རང་རྒྱལ་དུ་བྱིས་པ་སྐྱེ་ཁ་དང་སྐྱེས་མ་ཐག་ཤི་བའི་གྲངས་ཚད་དེ་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་བདུན་ཙམ་རེད། དཔྱད་གཞིའི་ཡིག་རིགས་མང་པོ་ལས་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་ཅན་གྱི་བྱིས་པ་དེ་སྐྱེ་ཁ་དང་སྐྱེས་མ་ཐག་ཤི་ཚད་ཆེས་མཐོ་ཟེར། འཕྲོད་བསྟེན་པུའི་དཔྱད་གཞིའི་ཡིག་རིགས་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་ཆེ་སར་བྱིས་པ་ལུས་སྐྱོན་ཅན་སྐྱེས་པ་དེས་བྱིས་པའི་ཤི་ཚད་ཀྱི་ལྔ་ཆའི་གཅིག་གམ་ཡང་ན་བཞི་ཆའི་གཅིག་ཟིན་ཡོད་ཅིང་། མིའི་ཚེ་ཚད་ཆ་སྙོམས་ཀྱིས་ལོ་གསུམ་དང་ཕྱེད་ཀ་ཙམ་ཇེ་ཐུང་དུ་བཏང་ཡོད་ཟེར།
བྱིས་པ་ལུས་སྐྱོན་ཅན་བྱུང་པ་དེ་བྱིས་པ་དང་མི་དར་མ་དབང་བོ་སྐྱོན་ཅན་དུ་སྒྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ། དེས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་པའི་སྤྱིའི་མི་གྲངས 6000ཙམ་གྱི་བརྒྱ་ཆའི་ཉི་ཤུ་ཙམ་ཟིན་ཡོད། ལོ་བཅུ་བཞིའི་མན་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁྲོད་ལྷན་སྐྱེས་རང་བཞིན་གྱི་དབང་བོ་སྐྱོན་ཅན་ཡིན་པའི་བྱིས་པས་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་གསུམ་ཟིན་ཡོད་ཅིང་། རིག་སྟོབས་ཉམས་པའི་དབང་བོ་སྐྱོན་ཅན་པའི་ཁྲོད། ལྷན་སྐྱེས་རང་བཞིན་གྱི་ནད་ཀྱིས་དབང་བོ་སྐྱོན་ཅན་དུ་བཏང་བའི་མི་གྲངས་ཀྱིས་ཕྱེད་ཀའི་ཡན་ཟིན་ཡོད།
བྱིས་པ་ལུས་སྐྱོན་ཅན་སྐྱེས་ན་མི་རང་ཉིད་དང་ཁྱིམ་ཚང་ལ་སྡུག་བསྔལ་ཆེན་པོ་བཟོས་པར་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་ཕྱོགས་ལའང་འགན་ཁུར་ཆེན་པོ་ཞིག་བསྐྱལ་ཡོང་བ་དང་། མི་གྲངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་ཡང་བར་བགེགས་ཆེན་པོ་ཞིག་ཐེབས་པ་རེད།
བཞི། སྦྲུམ་མར་ཟྭ་འབྲུམ་བྱུང་ན་སྦྲུམ་བུ་ལུས་སྐྱོན་ཅན་དུ་འགྱུར་སྲིད་པས་ཇི་ལྟར་སྔོན་འགོག་བྱེད་དགོས།
མངལ་སྦྲུམ་པའི་ཐོག་མའི་དུས་སྐབས་སུ་བུད་མེད་ལ་ཟྭ་འབྲུམ་བྱུང་ན། ཟྭ་འབྲུམ་གྱི་ནད་དུག་གིས་མངལ་ཤོར་དུ་འཇུག་པ་དང་ཤི་རུ་འཇུག་པའམ་ཡང་ན་ཚབས་ཆེ་བའི་ལུས་སྐྱོན་ཅན་དུ་བསྒྱུར་སྲིད་དེ། ལྷན་སྐྱེས་རང་བཞིན་གྱི་ཟྭ་འབྲུམ་གྱི་རྟགས་འདུས་ནད་འབྱུང་དུ་འཇུག་སྲིད། ལྷན་སྐྱེས་རང་བཞིན་གྱི་ཟྭ་འབྲུམ་གྱི་རྟགས་འདུས་ནད་ཀྱི་མངོན་རྟགས་གཙོ་བོ་ནི་ལྷན་སྐྱེས་རང་བཞིན་གྱི་འོན་པ་དང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད། ལྷན་སྐྱེས་རང་བཞིན་གྱི་མིག་ནད་སྐྱ་འགྲིབ་བཅས་ཡིན། བུད་མེད་ཀྱིས་མངལ་སྦྲུམ་འདོད་པའི་སྐབས་སུ་རབ་ཡིན་ན་སྨན་ཁང་དུ་སོང་ནས་ལུས་སྟེང་དུ་ཟྭ་འབྲུམ་གྱི་དུག་སྲིན་འགོག་རྫས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས། གལ་ཏེ་ཟྭ་འབྲུམ་གྱི་དུག་སྲིན་འགོག་རྫས་མེད་ན་མྱུར་དུ་ཟྭ་འབྲུམ་གྱི་འགོག་སྨན་རྒྱག་དགོས། དེ་ལྟར་བྱས་ན་ཟྭ་འབྲུམ་གྱི་ནད་དུག་འགོ་མི་སྲིད། ཟྭ་འབྲུམ་འགོག་སྨན་བརྒྱབ་ནས་ཟླ་གསུམ་ཙམ་འགོར་རྗེས་ད་གཟོད་མངལ་སྦྲུམ་ཆོག
ལྔ། ཆམ་རིམས་ཀྱིས་ཀྱང་བྱིས་པ་ལུས་སྐྱོན་ཅན་འབྱུང་བའི་ཉེན་ཁ་བཟོ་སྲིད་པས་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན།
མངལ་སྦྲུམ་པའི་ཐོག་མའི་དུས་སྐབས་སུ་སྦྲུམ་མར་ཆམ་རིམས་བྱུང་ན་བྱིས་པ་ཁ་ཤོ་དང་རྐང་ལག་ཐུང་བ་སོགས་དབང་བོ་སྐྱོན་ཅན་སྐྱེ་པའི་ཉེན་ཁ་ཇེ་མཐོར་གཏོང་སྲིད། དེར་མ་ཟད་མངལ་སྦྲུམ་པའི་སྐབས་སུ་ཆམ་རིམས་བྱུང་ན་ནད་རྟགས་ཧ་ཅང་ལྗིད། དེ་བས་སྦྲུམ་མར་ཆམ་རིགས་འབྱུང་བར་སྔོན་འགོག་བྱེད་དགོས་ན་མངལ་མ་སྦྲུམ་གོང་དང་ཡང་ན་མངལ་སྦྲུམ་རྗེས་ཆམ་རིམས་གྱི་འགོག་ཁབ་རྒྱག་དགོས། ཆམ་རིམས་ཀྱི་འགོག་ཁབ་དེ་ཧ་ཅང་བདེ་འཇགས་ཡིན་པས་མངལ་སྦྲུམ་པའི་སྐབས་སུ་བརྒྱབ་ནའང་གནད་དོན་ཅི་ཡང་མི་འབྱུང་།།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། འབྲུག་མོ།