ལས་ཡུལ་དང་པོའི་སྨན་བཅོས་ཆེད་མཁས་པ་མང་པོས་ཀོང་ཀྲིག་གི་རིམས་ནད་ཁྲོད་ཀྱི་ནད་པའི་སྨན་བཅོས་ཁྱད་ཆོས་ལ་གཞིགས་ནས་ཨོ་སྨི་ཁི་རོང་གི་དུག་ནུས་མངོན་གསལ་སྒོས་ཇེ་ཞན་དུ་སོང་ཡོད་པར་བསྟན།
ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ཁྲོད་ཀོང་ཀྲིག་གི་ས་གནས་ནད་པ་སྤྱི་བསྡོམས་པས་ཆིག་འབུམ་བདུན་ཁྲི་ལ་སླེབས་ཡོད་ཅིང་། ནད་རྟགས་མེད་པའི་ནད་པས་བརྒྱ་ཆའི་དགུ་བཅུ་ཟིན་ལ་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་ཤོར་མེད། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གཞི་རིམ་གྱི་སྨན་བཅོས་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་ཏེ་ཐེངས་འདིའི་རིམས་ནད་ཁྲོད་ཀྱི་ནད་པའི་སྨན་བཅོས་ཁྱད་ཆོས་སྐོར་ནས་འགྲེལ་བཤད་བྱས་པ་དང་། ཆེད་མཁས་པ་རྣམས་ཀྱིས་ཨོ་སྨི་ཁི་རོང་རྒྱུད་འགྱུར་དུག་རྐང་ལ་མཚོན་ན་དེ་སྔོན་གྱི་གདོད་མའི་དུག་རྐང་དེ་རྒྱུད་འགྱུར་དུག་རྐང་དང་བསྡུར་ཚེ། འགོས་ཁྱབ་ཀྱི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ནའང་དུག་ནུས་མངོན་གསལ་སྒོས་ཇེ་ཞན་དུ་གྱུར་ཡོད་པར་བསྟན།
ཀོང་ཀྲིག་གསོ་རིག་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀོང་ཀྲིག་གྲོང་ཁྱེར་རིམས་ནད་ཞིབ་འཇུག་ཁང་གི་མགོ་གཙོ་ཐང་ཞའོ་ཕིན་གྱིས་བཤད་རྒྱུར། གདོད་མའི་དུག་རྐང་ཏིག་འར་ཐ་དུག་རྐང་གི་རིམས་ནད་བྱུང་དུས། ནད་པའི་ཁྲོད་གློ་ཚད་བྱུང་མཁན་གྱི་སྡུར་ཚད་ཀྱིས་ཕྱེད་ཀའི་ཡན་ཟིན་ཡོད་པ་མ་ཟད། ཐ་ན་བརྒྱ་ཆའི་དྲུག་ཅུའི་ཡན་གྱི་ནད་པའི་ཁྲོད་ཚད་རིམ་མི་འདྲ་བའི་གློ་བའི་ནད་རྟགས་ཡོད་པ་རེད། ཡིན་ཡང་ཐེངས་འདིའི་རིམས་ནད་ཀྱི་ཁྲོད་བརྒྱ་ཆའི་དགུ་བཅུ་ཡན་གྱི་ནད་པ་ནད་རྟགས་མེད་པ་དང་ནད་གཞི་ཡང་གྲས་ཀྱི་རིགས་ཡིན་པ་དང་། གློ་ཚད་ཀྱི་རིམ་པར་འཕེལ་མཁན་ཉུང་བ་མ་ཟད་གློ་ཚད་ཀྱི་ནད་གཞི་ཚབས་ཆེན་དུ་འགྱུར་མཁན་དེ་ལས་ཀྱང་ཉུང་བ་རེད།
ཀོང་ཀྲིག་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཏན་ཁེལ་སྨན་ཁང་ཀོང་ཀྲིག་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་ཀོང་ཀྲིག་གྲོང་ཁྱེར་སྨན་ཁང་བརྒྱད་པས་སྨན་བཅོས་དང་ལེན་བྱས་པའི་ནད་པའི་གནས་ཚུལ་ལ་བལྟས་ན། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་ཚུན་ནས་སྨན་ཁང་གིས་སྤྱི་བསྡོམས་པས་ནད་པ་སྟོང་ལྔ་ལྷག་གི་སྨན་བཅོས་དང་ལེན་བྱས་ཤིང་། དེའི་ཁྲོད་དུ་ལོ་ན་དྲུག་ཅུའི་ཡན་གྱི་ནད་པ་རྒན་པ་ལྔ་བརྒྱ་ལྷག་ཡོད་ལ། དེ་དག་ཚང་མའི་ཁྲོད་དུ་ནད་པ་གཉིས་ནད་གཞི་ཚབས་ཆེན་ཅན་དུ་ངོས་འཛིན་བྱས་ཡོད་པ་རེད།
ཀོང་ཀྲིག་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཏང་ཨུའི་ཧྲུའུ་ཅི། ཀོང་ཀྲིག་འབྱིན་རྔུབ་བདེ་ཐང་ཞིབ་འཇུག་ཁང་ནད་གཞི་ཚབས་ཆེན་རིགས་ཀྱི་གསོ་རིག་ཚན་ཁག་གི་སྨན་པ་འབུམ་རམས་པ་ལིས་ཡུས་མེན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ཀྱི་ཁྲོད་དུ་ངེས་པ་དོན་གྱི་ནད་པ་ཚབས་ཆེན་རིགས་ཀྱིས་བསྡུར་ཚད་མང་པོ་ཟིན་མེད་པ་མ་ཟད། ནད་པ་འདིའི་རིགས་ཀྱི་ནད་རྟགས་མང་ཤོས་ནི་སྔར་ནས་རང་སྟེང་ན་ཡོད་པའི་ནད་གཞི་ཇེ་སྡུག་ལ་འགྲོ་བ་དེ་ཡིན་པས། སྤྱིར་བཏང་དུ་ཅི་ནུས་ཀྱིས་སྨན་བཅོས་བྱས་རྗེས་བདེ་ཐང་ཡོང་ངེས་པ་རེད། དེའི་སྟབས་ཀྱིས་ང་ཚོས་ནད་གཞི་ལ་ཡང་དག་པའི་ངོས་འཛིན་བྱེད་པ་ལས་སེམས་ཁུར་ཆེན་པོ་བྱ་མི་དགོས་ཟེར།
ཀོང་ཀྲིག་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་མགོ་གཙོ་ཀྲང་ཀྲུང་ཏིག་གིས་བཤད་རྒྱུར། ཀོང་ཏུང་ཞིང་ཆེན་གྱི་ཆེད་མཁས་ཚོ་ཆུང་གིས་ནད་གཞི་མ་དཔེ་ཆེན་པོ་སྟོང་ཕྲག་ལ་ཞིབ་འཇུག་ཞིབ་མོ་བྱས་རྗེས། ཀོང་ཀྲིག་གི་ཐེངས་འདིའི་རིམས་ནད་ཀྱི་ནད་དུག་གཙོ་བོ་དང་ཐོག་མར་ཝུའུ་ཧན་ནས་བྱུང་བའི་གདོད་མའི་དུག་རྐང་། དེ་མིན་ལོ་སྔོན་མར་ཀོང་ཀྲིག་ནས་མཆེད་ཚད་ཅུང་ཚབས་ཆེ་བའི་ཏུག་འར་ཐ་དུག་རྐང་དང་བསྡུར་ཚེ་ཁྱད་པར་ཆེན་པོ་ལྡན་ཡོད་པ་རེད། ཁོས་བསྟན་དོན། ནད་པ་མང་ཤོས་ལ་དབུགས་ལམ་སྟོད་མར་ནད་དུག་འགོས་པའི་ནད་རྟགས་ཡོད་པས་གནས་ཆ་ཤས་ཀྱི་ནད་རྟགས་གཙོ་ཡིན་པ་དང་། དེ་མིན་གྱི་ནད་རྟགས་ལ་ཚ་རྒྱས་པ་དང་མིད་པར་ཟ་འཕྲུག་ལངས་བ་དང་ན་བ། སྐམ་ལུ་བྱེད་པ་བཅས་ཡོད་ལ། ནད་པ་ཁ་ཤས་ལ་མགོ་ན་བ་དང་ལུས་ཡོངས་ཀྱི་ཚིགས་ན་བའི་ནད་རྟགས་ཀྱང་ཡོད་པ་མ་ཟད། ད་རུང་ནད་པ་ཁ་ཤས་ཤིག་ལ་ཕོ་བ་དང་རྒྱུ་མར་ནད་རྟགས་བྱུང་ནས་ཟ་མའི་ཡུ་ག་ཆད་པ་དང་ཁོག་པ་བཤལ་བ་རེད། གནད་ཁེལ་སྨན་བཅོས་བྱས་རྗེས་མང་ཆེ་ཤོས་དུས་ཡུན་དུས་ཚོད་ཉེར་བཞི་ནས་སོ་དྲུག་གི་ནང་ནད་རྟགས་མེད་འགྲོ་བ་རེད།
ཀྲང་ཀྲུང་ཏིག་གིས་ནད་རྟགས་མེད་པའི་ནད་པ་དང་ནད་གཞི་ཡང་གྲས། སྤྱིར་བཏང་གི་ནད་པ་བཅས་བདེ་ཐང་ཡོང་རྗེས་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་སུ་འགྱུར་བའང་ཤིན་ཏུ་མགྱོགས། སྤྱིར་བཏང་དུ་ཉིན་ལྔ་ནས་བདུན་གྱིས་ཆོག་ལ། ནད་པ་ཁ་ཤས་ཤིག་ཉིན་བཅུ་གཅིག་འགོར་འགྲོ་བའང་ཡོད་མོད། མང་ཆེ་ཤོས་ཉིན་ལྔའི་ཡས་མས་སུ་སྲིབ་གཤིས་སུ་འགྱུར་ངེས་ཡིན་ཟེར།།
རྩོམ་སྒྲིག་པ། འབྲུག་མོ།