རིམས་ནད་མཆེད་པའི་སྐབས་སུ་སྦྲུམ་མ་དང་བྱིས་པ། ལོ་ལོན་བཅས་ལ་ཇི་ལྟར་བདག་སྐྱོང་བྱེད་དགོས།
2022.12.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

དང་པོ་སྦྲུམ་མའི་སྐོར།

སྦྲུམ་མར་པྲོག་གསར་ནད་དུག་འགོས་ན་ལྷག་པར་ཚབས་ཆེའམ།

ཀྲུང་གོ་བཟོ་བཀོད་གླིང་གི་ཡོན་ཧྲིའམ་རྒྱལ་ཁབ་བུད་མེད་དང་བུ་སྐྱེའི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཆའོ་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྦྲུམ་མ་དང་སྤྱིར་བཏང་གི་མི་ཚོགས་ལ་པྲོག་གསར་གློ་ཚད་ནད་དུག་འགོས་ན་འདྲ་ས་ཕྱོགས་གསུམ་ཡོད་དེ།

གཅིག སྦྲུམ་མ་དང་སྤྱིར་བཏང་མིའི་འགོ་ཚད་ཕལ་ཆེར་འདྲ་མཚུངས་ཡིན།

གཉིས། ནད་རྟགས་ཅན་གྱི་བསྡུར་ཚད་ཀྱང་སྤྱིར་བཏང་མི་དང་འདྲ་ཞིང་། ཕལ་ཆེར་བརྒྱ་ཆའི་བཅུ་ཡས་མས་ཡིན།

གསུམ། ནད་རྟགས་ཕྱིར་མངོན་ཚུལ་ཧ་ཅང་འདྲ་སྟེ། དཔེར་ན། མིད་པ་སྐམ་པ་དང་ན་བ། ལུ་བ། སྣ་ཆུ་བཞུར་བ། ལུས་པོ་ཡོངས་ན་བ། ཚ་བ་རྒྱས་པ་སོགས་ལྟ་བུ་ཡིན། སྤྱིར་བཏང་ཉིན་གསུམ་བཞིའི་རིང་དྲག་སྐྱེད་འབྱུང་བ་དང་། ན་ཡུན་ཕལ་ཆེར་ཉིན་བདུན་ཡས་མས་ཡིན།

སྤྱིའི་ཆ་ནས་པྲོག་གསར་འགོས་ནད་ཀྱིས་སྦྲུམ་མའི་བདེ་ཐང་ལ་མངོན་གསལ་གྱི་ཤུགས་རྐྱེན་མི་འདུག

སྦྲུམ་མའི་རིགས་གང་དག་གིས་ལྷག་པར་དོ་སྣང་བྱེད་དགོས་སམ་ཞེ་ན།

ཆའོ་ཅེ་ཡིས་བཤད་རྒྱུར། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་ཡོད་པའི་སྦྲུམ་མས་རང་ཉིད་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མངལ་སྦྲུམ་པའི་འཆར་གཞི་ཡོད་པའི་བུད་མེད་ཀྱིས་མངལ་མ་སྦྲུམ་སྔོན་ལ་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་སྟེ་རང་ཉིད་ཀྱི་ནད་འགོག་ནུས་པ་ཇེ་ཆེར་གཏོང་དགོས། དེ་ནས་དལ་བའི་རང་བཞིན་གྱི་ནད་ལ་ཚོད་འཛིན་བྱས་ཏེ་ལུས་པོའི་འབྱུང་གཞི་ཇེ་བདེར་ཡོང་རྗེས་ད་གཟོད་མངལ་སྦྲུམ་དུ་འཇུག་དགོས།

སྦྲུམ་མ་ཚོས་འགོག་སྲུང་བྱེད་པར་དོ་སྣང་བྱེད་དགོས། སྒོ་ཕྱི་ནང་དང་མི་ཚོགས་འདུ་སར་ངེས་པར་དུ་ཁ་ཐུམ་རྒྱག་དགོས། སྨན་ཁང་དུ་འགྲོ་ནN95ཁ་ཐུམ་རྒྱག་པ་དང་། རང་ཁྱིམ་དང་གཞུང་ལས་ཁང་དུ་རྒྱུན་པར་རླུང་རྒྱུ་རུ་བཅུག་སྟེ་མཁའ་དབུགས་གསར་བརྗེ་བྱེད་པ་དང་། ཕྱི་ནས་ནང་ལ་ཐོན་དུས་ལག་པ་གཙང་མར་བཀྲུ་དགོས།

གལ་ཏེ་བཀག་སྡོམ་དབང་གིས་སྦྲུམ་མ་དུས་ལྟར་སྨན་ཁང་དུ་འགྲོ་མ་ཐུབ་ཚེ་ཇི་ལྟར་བྱེད་དགོས་ཞེ་ན།

ཆའོ་ཅེ་ཡིས་བཤད་པ་ལྟར་ན། སྦྲུམ་མ་ཚོས་ངེས་པར་དུ་བུ་སྐྱེའི་བརྟག་དཔྱད་ཚན་ཁག་གི་ཁ་པར་ཨང་གྲངས་གསོག་ཉར་བྱེད་དགོས་པ་དང་། གལ་ཏེ་བཀག་སྡོམ་དབང་གིས་དུས་ལྟར་སྨན་ཁང་དུ་འགྲོ་མ་ཐུབ་ན། རང་ཉིད་ཀྱི་བུ་སྐྱེའི་ཚན་ཁག་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱ་དགོས། གལ་ཏེ་མགྱོགས་མྱུར་སྒོས་སྨན་ཁང་དུ་འགྲོ་དགོས་ཚེ། དུས་ཐོག་ཏུ་སྡེ་ཁུལ་དང་འབྲེལ་གཏུག་བྱས་ནས་དམིགས་བསལ་གྱི་ཐབས་ལམ་བརྒྱུད་དེ་སྨན་ཁང་དུ་འགྲོ་དགོས།

གཉིས་པ་བྱིས་པའི་སྐོར།

བྱིས་པར་འགོག་སྨན་ཐེངས་ཅི་ཙམ་རྒྱག་དགོས།

ཀྲུང་ཧྭ་སྔོན་འགོག་གསོ་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་ལས་འགན་གཅིག་ལྕོགས་སུ་བཞེས་པའི་ཧྥིན་ཙི་ཅན་གྱིས་བཤད་རྒྱུར། རང་རྒྱལ་གྱིས་ལོ་གསུམ་ནས་ལོ་བཅུ་བདུན་བར་གྱི་བྱིས་པར་འགོག་སྨན་རྒྱག་པའི་མཐུན་རྐྱེན་བསྐྲུན་ཡོད་མོད། འོན་ཀྱང་མིག་སྔར་རྨང་གཞིའི་རིམས་འགོག་ཡིན་པ་ལས་འགོག་སྨན་གསུམ་པ་རྒྱག་པའི་ཇུས་གཞི་བཏོན་མེད་ཟེར།

དབུགས་ལམ་ནད་ཕོག་སླ་པའི་དུས་ཚིགས་སུ་བྱིས་པར་ཚ་རྒྱག་པ་དང་གློ་ལུ་ན་སྨན་པར་སྟོན་དགོས་སམ་ཞེ་ན།

རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་བྱིས་པའི་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རིན་ཝང་ཆོན་གྱིས་བཤད་རྒྱུར། སྟོན་དགུན་གཉིས་ནི་བྱིས་པའི་དབུགས་ལམ་གྱི་ནད་གཞི་མང་བའི་དུས་ཚིགས་ཤིག་རེད། ཚ་རྒྱས་པ་དང་གློ་ལུ་བ་ནི་བྱིས་པའི་དབུགས་ལམ་མ་ལག་གི་རྒྱུན་མཐོང་གི་ནད་རྟགས་ཤིག་རེད་ཟེར།

བྱིས་པར་ན་ཚ་བྱུང་རྗེས་ནད་བབ་དེ་འདྲའི་ལྗིད་མོ་མིན་ན། ཁྱིམ་བདག་གིས་རང་ཁྱིམ་དུ་ནད་བབ་དང་བསྟུན་ནས་བརྟག་དཔྱད་བྱས་ཏེ་བསྡད་ན་ཆོག གལ་ཏེ་བསྟུད་མར་ཉིན་གསུམ་ལ་ཚ་ཆེན་པོ་རྒྱས་པ་དང་། ལུད་པ་མང་བ། སྐྱུགས་པ། ཐ་ན་སྐྲངས་རིལ་འབུད་པ་དང་ཁོག་པ་བཤལ་བ། གཅིན་པར་ཁྲག་འདྲེས་པ། གཅིན་ཚད་ཉུང་བ། དབུགས་འཚང་བ། འབྱིན་རྔུབ་དཀའ་བ། རྣམ་རིག་མི་གསལ་བ་སོགས་ཀྱི་གནས་ཚུལ་བྱུང་ན་བྱིས་པ་དུས་ལྟར་སྨན་པར་སྟོན་དགོས་པ་ཡིན།

གསུམ་པ། ལོ་ལོན་གྱི་སྐོར།

ཀྲུང་ཧྭ་སྔོན་འགོག་གསོ་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་ལས་འགན་གཅིག་ལྕོགས་སུ་བཞེས་པའི་ཧྥིན་ཙི་ཅན་གྱིས་བཤད་རྒྱུར། ལོ་ལོན་ལ་པྲོག་གསར་ནད་དུག་འགོས་རྗེས་ནད་གཞི་ཚབས་ཆེ་བའི་སྐོར་ལ་ཉེན་ཁ་ཅུང་ཆེ་བ་དང་། ལོ་ན་མཐོ་བ་དང་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པ་ནི་པྲོག་གསར་ནད་དུག་འགོས་རྗེས་ནད་གཞི་ཚབས་ཆེན་དུ་འགྱུར་བ་དང་ཐ་ན་སྲོག་ཉེན་ཆེ་བའི་རྒྱུ་རྐྱེན་གཉིས་རེད། ལོ་ལོན་མང་ཆེ་བར་རྒྱུན་དུ་ཉེན་ཁའི་རྒྱུ་རྐྱེན་དེ་གཉིས་ཡོད་པས་འགོག་ཁབ་ཀྱིས་སྔོན་འགོག་དང་འགོག་སྲུང་ནན་མོ་བྱས་ནས་ནད་གཞི་ཚབས་ཆེན་དུ་འགྱུར་བ་སྔོན་འགོག་བྱ་དགོས།

ཧྥིན་ཙི་ཅན་གྱིས་ནན་གྱིས་བསྟན་དོན། རིམས་ནད་འགོས་ཁྱབ་ཆེ་དུས་སྨན་བཅོས་ཐོན་ཁུངས་ཧ་ཅང་དཀོན་པོ་ཡིན་སྟབས། ལོ་ན་མཐོ་བའི་རྒན་པའི་སྐོར་དང་དལ་བའི་རང་བཞིན་གྱི་ནད་རིགས་ནད་ཚབས་ཆེན་བྱུང་བའི་ནད་པར་ལྷག་ཏུ་སྔོན་འགོག་ནན་མོ་བྱེད་དགོས། དེ་བས་རིམས་ནད་མཆེད་ཚབས་ཆེ་བའི་སྐབས་སུ། ཉེན་ཁ་ཆེ་བའི་མི་ཚོགས་འདི་དག་ལ་ལྷག་པར་དུ་སྲུང་སྐྱོབ་བྱེད་དགོས།

ལོ་ལོན་རྒན་པ་ཟེར་བ་ལོ་ག་ཚོད་ལ་གོ་དགོས་སམ་ཞེ་ན།

ཧྥིན་ཙི་ཅན་གྱིས་བཤད་རྒྱུར། ད་སྐབས་རྒྱལ་ཁབ་སོ་སོའི་ནད་པར་པྲོག་གསར་ནད་དུག་བྱུང་རྗེས་ནད་གཞི་ཚབས་ཆེན་དུ་འགྱུར་བ་དང་། ཐ་ན་སྲོག་ཤོར་བའི་ཆ་སྙོམས་ལོ་ཚད་ལོ་བརྒྱད་ཅུའི་ཡན་ཡིན་ལ། ལོ་ཚོད་ཇི་ལྟར་ཆེ་ན་ནད་གཞི་ཚབས་ཆེན་འབྱུང་བའི་ཉེན་ཁ་དེ་ལྟར་ཆེ། དེ་བས་རིམ་བཞིན་དུ་ལོ་བརྒྱད་ཅུའི་ཡན་དང་། དེ་ནས་ལོ་དོན་ལྔའི་ཡན། ལོ་བདུན་ཅུའི་ཡན། རྗེས་སུ་ལོ་རེ་ལྔའི་ཡན་བཅས་ཡིན་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།