ཨོ་སྨི་ཁི་རོང་གི་ནད་བསྐྱེད་རང་བཞིན་ཇེ་ཞན་དུ་སོང་བ་དང་། འགོག་ཁབ་རྒྱག་ཚད་ཁྱབ་གདལ་དུ་ཕྱིན་པ། རིམས་འགོག་ཉམས་མྱོང་བསགས་པ་དང་བསྟུན་ནས། རང་རྒྱལ་གྱི་རིམས་འགོག་ཚོད་འཛིན་ལ་གནས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། མིག་སྔར། ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་རིགས་དང་། མི་ཚོགས་ཕལ་བས་ཇི་ལྟར་བདེ་ཐང་འགོག་སྲུང་བྱེད་དགོས་པ་དང་། སྨན་ལ་བསྟེན་པའི་དགོས་མཁོར་ལྟ་སྟངས་ཅི་འདྲ་འཛིན་དགོས་པའི་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་སྨན་བཅོས་སྐྱོབ་བཅོས་ཆེད་མཁས་ཚོ་ཆུང་གི་ཁོངས་མི་ཝང་ཀུའེ་ཡིས་འགྲེལ་བཤད་གསལ་བོ་བྱས་ཡོད།
དང་པོ། མི་གང་དག་ནི་ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པ་དང་། ཁོ་ཚོས་ཇི་ལྟར་བྱ་དགོས་སམ་ཞེ་ན།
ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ལ་གཙོ་བོ་རིགས་གསུམ་ཡོད་དེ། ལོ་དྲུག་ཅུའི་ཡན་དང་ལྷག་པར་དུ་ལོ་བརྒྱད་ཅུའི་ཡན་གྱི་རྒན་པ་དང་། དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ། འགོག་ཁབ་བརྒྱབ་མེད་པའི་མི་ཚོགས་བཅས་ཡིན། ཁོ་ཚོར་མཚོན་ན། ཆེས་ཕན་ནུས་ལྡན་པའི་སྲུང་སྐྱོབ་ནི་འགོག་ཁབ་རྒྱག་རྒྱུ་དེ་ཡིན། །
འགོག་ཁབ་བརྒྱབ་མེད་པའི་མིས་པྲོག་གསར་ནད་དུག་འགོ་བའི་ཉེན་ཁར་ངོས་འཛིན་མི་འདང་བ་དང་། ད་དུང་མི་ལ་ལས་རང་ཉིད་ལ་དལ་བའི་རང་བཞིན་གྱི་ནད་ཡོད་པས། འགོག་ཁབ་རྒྱག་མི་ཕོད། རྒན་པ་ཁ་ཤས་ཀྱིས་འགོག་ཁབ་རྒྱག་པར་སྟབས་བདེ་མེད་པར་སེམས་ཁུར་བྱེད་པ། གལ་ཏེ་པྲོག་གསར་ནད་དུག་འགོས་ན། དལ་བའི་རང་བཞིན་གྱི་ནད་ཡོད་པའི་རྒན་པ་རྣམས་ནད་གཞི་ལྕི་མོར་འགྱུར་སླ་ཞིང་། ཐ་ན་འཆི་ཉེན་ཡང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་གྱིས་གསར་དུ་བྱ་ཐབས་བཏོན་ནས། མི་རྣམས་ཀྱི་འགོག་ཁབ་རྒྱག་པའི་ཐད་ཀྱི་ངོས་འཛིན་སྔར་བས་ཇེ་མཐོར་གཏོང་བ་དང་། རྒན་པ་རྣམས་ལ་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་ལས་དོན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
སྨན་དོན་མི་སྣས་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་ཁབ་རྒྱག་པའི་འཛེམ་བྱར་ངོས་འཛིན་བྱེད་དགོས་ཏེ། དཔེར་ན། སྔོན་ཆད་འགོག་ཁབ་རྒྱག་སྐབས་ཚོར་སྣང་ཆེ་བ་སྟེ། སྐྱེན་ཚོར་རང་བཞིན་གྱི་དྲན་པ་ཉམས་པ་དང་ཨོལ་གོང་སྐྲངས་པ་ལྟ་བུ། མྱུར་བའི་འགོས་ཁྱབ་རང་བཞིན་གྱི་ནད་དེ་ཚ་བ་རྒྱས་པའི་དུས་སྐབས་སུ་ཡོད་སྐབས་གནས་སྐབས་སུ་འགོག་ཁབ་རྒྱག་མི་རུང་། རྫས་འགྱུར་སྨན་བཅོས་བྱེད་བཞིན་པའི་སྐྲན་ནད་བྱུང་བའི་ནད་པ་དང་། ཁྲག་ཤེད་མཐོ་བའི་ཉེན་ལྟས་མངོན་པའི་ནད་པ། པྲོག་དབྱིབས་སྙིང་ནད་ཕོག་མཁན་གྱི་སྙིང་རྩ་འགག་པ། རང་ངོས་རིམས་ཐར་རང་བཞིན་གྱི་དབང་རྩའི་མ་ལག་གི་ནད་གཞི་རིམ་སྤེལ་དུས་སྐབས་སུ་གནས་པ་སོགས་ལ་གནས་སྐབས་སུ་འགོག་ཁབ་རྒྱག་མི་རུང་། ཧུར་ཐག་གིས་འགོག་ཁབ་རྒྱག་པ་དེའང་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ཞིག་ཡིན།
གཉིས་པ། མིག་སྔར། མི་སྒེར་གྱིས་བདེ་ཐང་འགོག་སྲུང་བྱེད་སྐབས་གང་དག་ལ་ཉམས་འཇོག་བྱ་དགོས།
མི་ཚོགས་ཕལ་བར་མཚོན་ན། རྒྱུན་པར་ལག་པ་བཀྲུ་བ་དང་། སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་རྒྱག་པ། མཁའ་རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་མི་བྱེད་པ། འཚོ་བཅུད་དོ་མཉམ་ཡོང་བར་བྱེད་པ་དང་། འོས་འཚམ་སྒོས་ངལ་གསོ་བ། ལུགས་མཐུན་སྒོས་འགུལ་སྐྱོད་བྱེད་པ། སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བཅས་བྱེད་དགོས།
དལ་བའི་རང་བཞིན་གྱི་ནད་པས་སྨན་པའི་མངགས་བཅོལ་ལྟར་སྨན་ལ་བསྟེན་དགོས། དྲོད་ཚད་གློ་བུར་དུ་ཇེ་དམའ་རུ་སོང་བ་སོགས་གནམ་གཤིས་ཧ་ཅང་འཁྱག་པའི་སྐབས་སུ། དལ་བའི་རང་བཞིན་གྱི་དབུགས་ལམ་མ་ལག་གི་ནད་བྱུང་ཡོད་པའི་ནད་པ་རྣམས་གང་ཐུབ་ཀྱིས་སྒོ་ཕྱིར་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས།
གལ་ཏེ་ཚ་རྒྱག་པ་དང་། མིད་པ་ན་བ། གློ་ལུ་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། བདེ་ཐང་ཞིབ་བཤེར་ཡག་པོ་བྱེད་དགོས། གལ་ཏེ་ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ཁྲོད་ཚ་རྒྱས་ཏེ་མཚམས་མི་འཇོག་པའམ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ། དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་སོང་ནས། ནད་གཞི་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས།
གསུམ་པ། དགུན་ཁར་དབུགས་ལམ་ནད་དུག་བསྐྱེད་སླ་བས། དེའི་ཕྱོགས་ཀྱི་སྨན་རྫས་གྲ་སྒྲིག་བྱེད་དགོས་སམ་ཞེ་ན།
རང་རྒྱལ་གྱིས་དབུགས་ལམ་འགོས་ནད་སྨན་བཅོས་བྱེད་པའི་སྨན་རྫས་འདང་ངེས་ཤིག་གྲབས་གསོག་བྱས་ཡོད། ཁྱིམ་དུ་ཚ་འཇོམས་ན་སེལ་གྱི་རྒྱུན་ལྡན་སྨན་རྫས་གྲ་སྒྲིག་འོས་འཚམ་བྱེད་ཆོག འོན་ཀྱང་གང་བྱུང་དུ་ཉོ་བའམ་གསོག་འཇོག་བྱེད་དགོས་དོན་མེད།
ལོ་གསུམ་རིང་གི་རིམས་འགོག་བརྒྱུད། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་དང་རིམས་འགོག་མ་ལག་གིས་ཚོད་བགམ་ལེགས་འགྲུབ་བྱུང་ཡོད། མིག་སྔར། ཨོ་སྨི་ཁི་རོང་ནད་དུག་གི་ནད་བསྐྱེད་རང་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད། གལ་ཏེ་ཨོ་སྨི་ཁི་རོང་གཞན་གྱུར་ནད་དུག་འགོས་ན། མི་ཁ་ཤས་ཤིག་ལ་ཚ་རྒྱག་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་སྲིད་ཅིང་། ནད་རྟགས་དེ་དག་ལ་དེར་བསྟུན་གྱི་ཀྲུང་ལུགས་སྨན་རྫས་འདུས་པའི་སྨན་རྫས་སྤྱད་ན་ཆོག ནད་གཞི་ལྕི་ཞིང་ཉེན་ཁ་ཆེ་བའི་མི་ཚོགས་ལ་དམིགས་ནས། གལ་ཏེ་ཆོག་མཆན་ཐོབ་ཅིང་པྲོག་གསར་གློ་ཚད་སྨན་བཅོས་བྱེད་པའི་ཆ་རྡུལ་ཆུང་བའི་སྨན་རྫས་སྤྱོད་དགོས་ན། སྨན་པའི་མཛུབ་སྟོན་བཞིན་བསྟེན་དགོས། །
རྩོམ་སྒྲིག་པ། འབྲུག་མོ།