གཅིག པྲོག་གསར་ནད་དུག་འགོས་ཚེ། གནས་ཚུལ་ཇི་འདྲའི་འོག་ཏུ་རང་ཁྱིམ་དུ་བསྡད་ནས་གསོ་བཅོས་བྱས་ཆོག
ནད་རྟགས་མེད་པའམ་ཡང་ན་ནད་རྟགས་ཡང་མོ་ཡིན་པ། དལ་བའི་རང་བཞིན་གྱི་ནད་རིགས་སོགས་མེད་པ། དེ་མིན་གློ་དང་སྙིང་། མཆིན་པ། མཁལ་མ། ཀླད་པ་སོགས་དོན་སྣོད་གཙོ་བོ་དག་གི་ནུས་པ་ཉམས་པའི་ནད་རིགས་ཚབས་ཆེན་མེད་པ་ཡིན་ན། རང་ཁྱིམ་ནས་གསོ་བཅོས་བྱས་ཆོག
གཉིས། རང་ཁྱིམ་ནས་གསོ་བཅོས་བྱེད་པར་སྡོད་གནས་ཁོར་ཡུག་ལ་ཆ་རྐྱེན་གང་དག་དགོས་པ་ཡིན།
པྲོག་གསར་ནད་དུག་འགོས་པར་གྱུར་ནས་རང་ཁྱིམ་དུ་བསྡད་ནས་གསོ་བཅོས་བྱེད་ན། ཆ་རྐྱེན་ལྡན་པའི་གནས་ཚུལ་འོག མི་གཅིག་པུ་ཁང་མིག་གཅིག་ཏུ་ཁེར་འདུག་བྱས་ན་བཟང་བ་དང་། སྤྱོད་ཁང་ཡང་མི་གཅིག་པུས་ཁེར་སྤྱོད་བྱས་ན་བཟང་།
གསུམ། རང་ཁྱིམ་ནས་གསོ་བཅོས་བྱེད་པར་དངོས་པོ་གང་དག་གྲ་སྒྲིག་བྱེད་དགོས།
ཁྱིམ་ཚང་ནང་དུ་ནད་དུག་འགོས་ཡོད་མཁན་གྱིས་ཆེད་སྤྱོད་ཀྱི་ལུས་དྲོད་འཇལ་ཆས་དང་། གཙང་ཤོག ཁ་ཐུམ། གཅིག་སྤྱོད་ལག་ཤུབས། དུག་སེལ་གཤེར་ཁུ་སོགས་མི་སྒེར་གྱི་འགོག་སྲུང་དངོས་པོ་དང་དུག་སེལ་ཐོན་རྫས། ཁ་ལེབ་ཅན་གྱི་སྙིགས་སྣོད་སོགས་གྲ་སྒྲིག་ལེགས་པོ་བྱེད་དགོས།
བཞི། ཁྱིམ་དུ་བསྡད་ནས་གསོ་བཅོས་བྱེད་སྐབས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས།
ཁྱིམ་དུ་བསྡད་ནས་གསོ་བཅོས་བྱེད་སྐབས་རང་གི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱེད་པ་དང་། ཁྱིམ་ནས་ཕྱི་ལ་མི་འགྲོ་བ། རང་གི་འགོག་སྲུང་ལེགས་པར་སྒྲུབ་པ། དེ་མིན་འབྲེལ་ཡོད་ཀྱི་རིམས་འགོག་བླང་བྱ་ལྟར་འགོས་ཁྱབ་འགྲོ་བར་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་དགོས།
ལྔ། ཁྱིམ་དུ་བསྡད་ནས་གསོ་བཅོས་བྱེད་མཁན་གྱིས་རང་ལ་བདེ་ཐང་ཞིབ་བཤེར་ཇི་ལྟར་བྱེད་དགོས།
ཉིན་རེའི་ནངས་དགོང་གཉིས་ལ་ལུས་དྲོད་ཐེངས་རེར་བརྟག་འཇལ་བྱེད་པ་དང་རང་གི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས། གལ་ཏེ་ཚ་རྒྱག་པ་དང་། གློ་ལུ་བ་ལ་སོགས་པའི་ནད་རྟགས་བྱུང་ན་ནད་རྟགས་དེའི་ངོས་ཐད་ཀྱི་སྨན་འཐུང་ནས་གསོ་བཅོས་བྱེད་དགོས།
དྲུག ཇི་ལྟར་ནད་བབ་དང་བསྟུན་ནས་གསོ་བཅོས་བྱེད་དགོས།
གལ་ཏེ་ཚ་རྒྱག་པ་དང་གློ་ལུ་བ་ལ་སོགས་པའི་ནད་རྟགས་བྱུང་ན་ནད་རྟགས་དེའི་ངོས་ཐད་ཀྱི་སྨན་འཐུང་ནས་གསོ་བཅོས་བྱེད་དགོས་ལ། སྨན་འཐུང་སྐབས་སྨན་རྫས་ཀྱི་གསལ་བཤད་ཡི་གེ་ལ་གསལ་བོར་བལྟས་ནས་འཐུང་བ་ལས་གང་འདོད་དུ་སྨན་འཐུང་མི་རུང་ལ། ལྷག་པར་དུ་ཕྲ་སྲིན་འགོག་སྨན་རིགས་འཐུང་མི་རུང་། དགོས་མཁོ་ལྡན་ན་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣར་འབྲེལ་གཏུག་བྱས་ནས་འདྲི་རྩད་བྱེད་པའམ་ཡང་ན་དྲ་ལམ་ནས་འབྲེལ་ཡོད་ཀྱི་སྨན་བཅོས་ལས་ཁུངས་ལ་འདྲི་རྩད་བྱས་ཆོག ནད་རྟགས་གང་ཡང་མེད་ན་སྨན་འཐུང་བ་ལ་སོགས་པའི་གསོ་བཅོས་བྱེད་མི་དགོས།
བདུན། དལ་བའི་རང་བཞིན་གྱི་ནད་རྙིང་ཡོད་པའི་ནད་པས་དུས་རྒྱུན་བསྟེན་བཞིན་པའི་སྨན་བསྟེན་ཚད་ལ་འགྱུར་ལྡོག་གཏོང་དགོས་སམ།
དལ་བའི་རང་བཞིན་གྱི་ནད་རྙིང་དེ་ཇེ་ལྗིད་དུ་མ་སོང་བར་ནད་བབ་རྒྱུན་ལྡན་ཡིན་ན། སྨན་གཏོང་ཚད་ལ་འགྱུར་ལྡོག་གཏོང་དགོས་དོན་མེད།
བརྒྱད། གནས་ཚུལ་གང་དག་བྱུང་ན་སྨན་ཁང་དུ་འགྲོ་དགོས་པ་ཡིན།
1.དབུགས་འཚང་བའམ་དབུགས་ལེན་དཀའ་བའི་གནས་ཚུལ་བྱུང་བ།
2.ཉིན་གསུམ་ལ་བསྟུད་མར་ཚ་བརྒྱབ་ནས་ལུས་དྲོད་ཚ་གྲངས་ཏུའུ་སོ་བརྒྱད་ཡན་ཡིན་པ།
3.དལ་བའི་རང་བཞིན་གྱི་ནད་རྙིང་མངོན་གསལ་སྒོས་ཇེ་སྡུག་ལ་སོང་ནས་ཚོད་འཛིན་བྱེད་དཀའ་བ།
4.བྱིས་པར་ཟས་ཟ་མའི་ཡི་ག་མེད་པ། ཟས་སྟེར་དཀའ་བ། ཁོག་པ་བཤལ་བ། སྐྱུག་པ་སོགས་ཀྱི་གནས་ཚུལ་བྱུང་བ།
5.སྦྲུམ་མར་མགོ་ན་བ་དང་། མགོ་ཡུ་འཁོར་བ། སེམས་འཚབ་པ། རྒྱུ་ཞབས་ན་བ། སྐྱེ་ལམ་ནས་ཁྲག་འབབ་པའམ་ཆུ་བཞུར་བ། སྦྲུམ་བུའི་འགུལ་སྟངས་རྒྱུན་ལྡན་མིན་པ་སོགས་ཀྱི་གནས་ཚུལ་བྱུང་བ། གོང་གསལ་གྱི་གནས་ཚུལ་དག་བྱུང་ན་སྒེར་གྱི་རླངས་འཁོར་བསྐོར་ནས་འགྲོ་བའམ་ཡང་ན120མྱུར་སྐྱོབ་རླངས་འཁོར་བོས་ནས་འབྲེལ་ཡོད་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།
དགུ། པྲོག་གསར་གློ་ཚད་རང་ཁྱིམ་ནས་གསོ་བཅོས་བྱེད་སྐབས་སྒོ་ཕྱིར་འགྲོ་ཆོག་གམ།
ངེས་པར་དུ་འགྲོ་དགོས་པ་མ་བྱུང་ཚེ་སྒོ་ཕྱིར་མི་འགྲོ་བ་དང་། ཕྱི་ཡི་མགྲོན་པོའང་ནང་དུ་སྣེ་ལེན་བྱེད་མི་རུང་།
བཅུ། ངེས་པར་དུ་སྨན་ཁང་དུ་འགྲོ་དགོས་པ་བྱུང་ཚེ་མི་སྒེར་གྱི་འགོག་སྲུང་ཇི་ལྟར་བྱེད་དགོས།
ལམ་བར་དང་སྨན་ཁང་སོགས་བརྒྱུད་རིམ་ཧྲིལ་བོར་མི་སྒེར་གྱི་འགོག་སྲུང་ལེགས་པར་བསྒྲུབ་དགོས་ཏེ། གནས་གཅིག་ནས་གནས་གཅིག་ཁོ་ན་ལ་འགྲོ་བའི་བྱེད་ཐབས་ཀྱིས་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་པར་སྟོན་པ་དང་། སྨན་པར་བསྟན་ཚར་རྗེས་ཐད་ཀར་ལམ་ཐིག་གཅིག་བརྒྱུད་ནས་ཕྱིར་ཁྱིམ་ལ་ལོག་དགོས་པ་ལས། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སོགས་ལ་འདུག་མི་རུང་།
བཅུ་གཅིག པྲོག་གསར་གློ་ཚད་རང་ཁྱིམ་ནས་གསོ་བཅོས་བྱེད་སྐབས་འགོག་སྲུང་ཇི་ལྟར་བྱེད་དགོས།
1.ཁྱིམ་ཚང་གི་ཁྱིམ་མི་གཞན་པ་དང་ཐག་ཉེ་བའི་འབྲེལ་འདྲིས་མི་བྱེད་པ།
2.ཁང་བའི་ནང་དུ་དུས་ལྟར་རླུང་རྒྱུ་རུ་འཇུག་དགོས་ཤིང་། རླུང་རྒྱུ་བའི་ཆ་རྐྱེན་མི་ལྡན་པའི་ཁང་བ་ཡིན་ན། རླུང་བརྗེ་འཁོར་ལོ་བསྐོར་ནས་ཁང་བའི་ནང་དུ་མཁའ་རླུང་གསར་བ་རྒྱུ་རུ་འཇུག་དགོས།
3.སྤྱོད་ཁང་དང་ཁྲུས་ཁང་སོགས་སྤྱི་པའི་ཁོར་ཡུག་ལ་རླུང་རྒྱུ་རུ་འཇུག་པ་དང་། དུག་སེལ་དང་གཙང་སྦྲ་སོགས་ལེགས་པོ་བྱེད་དགོས།
4.ཟ་མ་གཡོས་སྦྱོར་བྱེད་སྐབས་དང་ཟ་མ་ཟ་སྐབས། སྤྱོད་ཁང་དུ་འདུག་སྐབས། ཁ་ཐུམ་བརྗེ་སྐབས་བཅས་ཀྱི་སྔ་རྗེས་སུ་ལག་པ་གཙང་མར་བཀྲུ་བའམ་ཡང་ན་དུག་སེལ་བྱེད་དགོས།
5.སྣ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་གཙང་ཤོག་དང་ཡང་ན་གྲུ་མོས་ཁ་སྣ་འགེབས་དགོས་ལ། ཁ་སྣའི་ཟགས་ཐོན་དངོས་པོ་གཙང་ཤོག་གི་ཁུད་ལ་བཏུམས་ནས་སྙིགས་སྒམ་དུ་འཕེན་དགོས།
6.འཚོ་བའི་སྤྱོད་དངོས་སྣ་ཚོགས་ཁྱིམ་མི་གཞན་པ་དང་མཉམ་སྤྱོད་བྱེད་མི་རུང་བ་དང་། དཀར་ཡོལ་སྡེར་མ་སོགས་བཀོལ་སྤྱོད་བྱས་རྗེས་གཙང་མར་བཀྲུས་ནས་དུག་སེལ་བྱེད་དགོས།
7.ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱི་མི་སྣས་ཉིན་རྒྱུན་ཐུག་རེག་བྱེད་སྲིད་པའི་དངོས་པོ་དང་། དེ་མིན་རྒྱུན་སྤྱོད་ཀྱི་ལག་ཕྱིས་དང་གྱོན་གོས། མལ་གོས་སོགས་དུས་ལྟར་གཙང་མར་བཀྲུས་ནས་དུག་སེལ་བྱེད་དགོས་ལ། གསོ་བཅོས་བྱེད་མཁན་མི་སྒེར་གྱི་དངོས་པོ་ལོགས་སུ་བཀར་ནས་འཇོག་དགོས།
8.ཁྱིམ་ནང་དུ་སྤྱོད་ཁང་གཅིག་མ་གཏོགས་མེད་ན། གསོ་བཅོས་བྱེད་མཁན་སྤྱོད་ཁང་དུ་བསྡད་རྗེས་ངེས་པར་དུ་དུག་སེལ་བྱེད་དགོས་ཤིང་། གསོ་བཅོས་བྱེད་མཁན་གྱིས་སྤྱོད་ཁང་གཅིག་ཁེར་སྤྱོད་བྱེད་བཞིན་ཡོད་ན། ཉིན་རེར་ཐེངས་གཅིག་ལ་དུག་སེལ་བྱེད་དགོས།
9.སྤྱད་ཟིན་པའི་གཙང་ཤོག་དང་ཁ་ཐུམ། གཅིག་སྤྱོད་ལག་ཤུབས་སོགས་དང་འཚོ་བའི་གད་སྙིགས་སྣ་ཚོགས་འགྱིག་ཤོག་ཁུག་མའི་ནང་བཅུག་ནས་ཆེད་སྤྱོད་ཀྱི་སྙིགས་སྒམ་དུ་འཕེན་དགོས།
10.ཁ་ཆུ་དང་ཁ་ལུད་སོགས་ཀྱིས་སྦགས་བསླད་ཐེབས་པའི་དངོས་པོར་དུས་ལྟར་དུག་སེལ་བྱེད་དགོས།
བཅུ་གཉིས། བྱིས་པར་ནུ་མ་ལྡུད་བཞིན་པའི་བུད་མེད་ཡིན་ན་མུ་མཐུད་ནས་ནུ་མ་བླུད་ཆོག་གམ།
ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱི་མི་སྣ་དེ་བྱིས་པར་ནུ་མ་ལྡུད་བཞིན་པའི་བུད་མེད་ཞིག་ཡིན་ཚེ། རང་གི་འགོག་སྲུང་ལེགས་པར་བསྒྲུབས་པའི་ཆ་རྐྱེན་འོག་བྱིས་པར་མུ་མཐུད་ནས་ནུ་མ་བླུད་ཆོག
བཅུ་གསུམ། རང་ཁྱིམ་ནས་གསོ་བཅོས་བྱེད་སྐབས་གདོད་འགོག་བཤེར་འཇལ་ཇི་ལྟར་བྱེད་དགོས།
1.ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱིས་འབྲེལ་ཡོད་རིམས་འགོག་བླང་བྱ་ལྟར་རང་གིས་རང་ལ་གདོད་འགོག་བཤེར་འཇལ་བྱེད་པ་དང་བཤེར་འཇལ་མཇུག་འབྲས་ཡར་ཞུ་བྱེད་དགོས།
2.ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱིས་དྲ་ལམ་སྨན་རྫས་ཚོང་ཁང་ནས་གདོད་འགོག་བཤེར་འཇལ་སྨན་ཐུར་ཉོ་བའམ་ཡང་ན་རང་ཉིད་སྡོད་སའི་སྡོད་ཁུལ་དང་གཞིས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་གཏུག་བྱས་ནས་གདོད་འགོག་བཤེར་འཇལ་སྨན་ཐུར་ཉོ་དགོས།
3.ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱིས་གདོད་འགོག་བཤེར་འཇལ་སྨན་ཐུར་གྱི་གསལ་བཤད་ཡི་གེའི་སྟེང་གི་བླང་བྱ་དང་གོ་རིམ་ལྟར་དུ་རང་གིས་རང་ལ་བཤེར་འཇལ་བྱེད་པ་དང་བཤེར་འཇལ་མཇུག་འབྲས་བརྡར་གཅོད་བྱས་ཆོག དེ་མིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆེད་བསྐོས་སྨན་ཞབས་མི་སྣར་འབྲེལ་གཏུག་བྱས་ནས་སྐུད་ལམ་ནས་ཁྲིད་སྟོན་བྱས་པ་ལྟར་བཤེར་འཇལ་དང་བཤེར་འཇལ་མཇུག་འབྲས་བརྡར་གཅོད་བྱས་ཆོག
བཅུ་བཞི། ཆ་རྐྱེན་གང་དག་ལོངས་ཚེ། ཁྱིམ་སྡོད་གསོ་བཅོས་མཇུག་བསྒྲིལ་ཆོག
ནད་རྟགས་མངོན་གསལ་གྱིས་ཇེ་ཡང་དུ་སོང་བའམ་ནད་རྟགས་མངོན་གསལ་མེད་པ། རང་གིས་བརྟག་པའི་གདོད་འགོག་བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་པ་དང་། བསྟུད་མར་ཐེངས་གཉིས་ལ་པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གྱིctགྲངས35ལས་ཆེ་བའམ་ཡང་ན་མཚུངས་པ (བཤེར་འཇལ་ཐེངས་གཉིས་ཀྱི་བར་ཐག་ཆུ་ཚོད24ལས་རིང་དགོས)ཡིན་ཚེ། ཁྱིམ་སྡོད་གསོ་བཅོས་མཇུག་སྒྲིལ་བར་བྱས་ནས་འཚོ་བ་དང་འགྲོ་འདུག་རྒྱུན་ལྡན་ལྟར་བྱས་ཆོག
བཅོ་ལྔ། གལ་ཏེ་དངངས་འཚབ་སྐྱེས་པ་དང་སེམས་ཁམས་མི་བདེ་བའི་སྣང་ཚུལ་བྱུང་ན་ཇི་ལྟར་ཐག་གཅོད་བྱེད་དགོས།
དངངས་འཚབ་སྐྱེས་པ་དང་སེམས་ཁམས་ལ་གནོན་ཤུགས་ཆེ་བ་སོགས་ནི་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། རང་ཉིད་ལ་སྣང་ཚུལ་དེ་རིགས་བྱུང་བ་དང་ལེན་བྱེད་དགོས་པར་མ་ཟད། སྐབས་དང་བསྟུན་ནས་སེམས་ཁམས་སྙོམ་སྒྲིག་བྱེད་དགོས་ཏེ། དབུགས་རིང་ལེན་བྱས་ནས་སེམས་ལྷོད་ལ་འབབ་ཏུ་འཇུག་པ་དང་། རོལ་དབྱངས་ལ་ཉན་ནས་ལྷོད་ལྷོད་བྱེད་པ། རང་ཉིད་སྤྲོ་བ་ཡོད་པའི་བྱ་བ་འགའ་ཡིད་ལ་དྲན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས། གཞན་ནང་མི་དང་གྲོགས་པོ་ལ་ཁ་པར་རྒྱག་པ། དྲ་ལམ་ནས་འབྲེལ་འདྲིས་གླེང་མོལ་བྱེད་པ་སོགས་བརྒྱུད་ནས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་འདེགས་ཐོབ་པར་བྱེད་པ་ལས་འཁང་ར་དང་། གཏུམ་སྤྱོད་སྤེལ་བ། ཧོལ་རྒྱུག་བྱེད་པ་སོགས་ཀྱི་བྱེད་ཐབས་ངན་པ་སྤྱོད་མི་རུང་བ་དང་། ལྷག་པར་དུ་ཐ་མག་དང་ཆང་རག་ལ་བརྟེན་ནས་རྙོག་འཛིང་གི་སེམས་ཁམས་ཞི་འཇགས་སུ་གཏོང་ཐབས་གཏན་ནས་བྱེད་མི་རུང་། སེམས་ཁམས་རོགས་རམ་དགོས་ཚེ་སེམས་ཁམས་བློ་འདྲིའི་ཁ་པར་རྒྱག་པའམ་ཡང་ན་ཆེད་ལས་ཀྱི་སེམས་ཁམས་སྨན་པའི་རོགས་རམ་འཚོལ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།