ཨོ་སྨི་ཁི་རོང་ནད་དུག་གི་ནད་བསྐྱེད་རང་བཞིན་ཇེ་ཆུང་དུ་སོང་ཡོད་ནའང་། འགོས་ཚད་མགྱོགས་ཤིང་འགོས་ཤུགས་ཧ་ཅང་ཆེ་བས། མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་ནད་དུག་གི་བོད་ཀྱི་གསོ་རིག་དང་བོད་སྨན་འགོག་བཅོས་སྐོར་གྱི་ཆེད་མཁས་པའི་ཚོགས་ཆུང་གིས་རང་ཞིང་གི་ས་བབ་ཀྱི་ཁྱད་ཆོས་དང་ནད་གཞིའི་གནས་ཚུལ་གཉིས་ཟུང་དུ་སྦྲེལ་ནས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི《པྲོག་གསར་ནད་དུག་འགོས་པའི་ནད་པས་རང་ཁྱིམ་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་བསྟེན་ཚུལ་ཐད་ཀྱི་མཛུབ་སྟོན》དང《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་འགོས་པའི་ནད་པར་བོད་ལུགས་གསོ་རིག་སྨན་རྫས་ཀྱིས་འགོག་བཅོས་བྱ་ཐབས(ཚོད་ལྟའི་པར་གཞི་གསུམ་པ)》གཉིས་གཞིར་བཟུང་ནས། 《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་པས་རང་ཁྱིམ་ནས་བོད་སྨན་ཇི་ལྟར་བསྟེན་ཚུལ་ཐད་ཀྱི་མཛུབ་སྟོན》བཟོས་ནས་པྲོག་གསར་ནད་དུག་འགོས་པའི་ནད་པས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་བྱ་ཐབས་སྔར་བས་ལེགས་པར་སྤྱོད་རྒྱུར་མཛུབ་ཁྲིད་བྱས་ཡོད་པ་རེད།
དང་པོ། བཅོས་ཐབས་ཇུས་གཞི།
གཅིག དར་མའི་བཅོས་ཐབས་ཇུས་གཞི།
1.ནད་རྟགས་སུ་ཚ་རྒྱག་པ་དང་གྲང་ཤུམ་བྱེད་པ། ཤ་གྲིམ་ན་བ། མིད་པ་དང་གྲེ་བ་ན་བ། ཐང་ཆད་པ། སྣ་ཆུ་བཞུར་བ། ཡང་ན་གློ་ལུ་ཅན་རྣམས་ལ་ཚ་བ་སྨིན་པར་བྱེད་པའི་སྨན་ཏེ། འཕྲུལ་ཐང་དང་ལོ་གྱོན་མ། སྤྲིན་བྲལ་ཟླ་ཟེར། ཨ་གར་བཅོ་ལྔ་སོགས་བསྟེན་དགོས།
2.ནད་རྟགས་སུ་གྲེ་བ་ན་བའི་རྟགས་གསལ་ཞིང་། ཚ་རྒྱག་པ་དང་ཤ་གྲིམ་ན་བ། ཐང་ཆད་པ། ཡང་ན་གློ་ལུ་ཅན་རྣམས་ལ་སྨིན་ཐང་དང་གློ་ཚད་སེལ་བའི་སྨན་ཏེ། སྤང་རྒྱན་བཅོ་ལྔ་དང་ལི་ཤི་དྲུག་པ། གློ་ཚད་ཀུན་སེལ། ནོར་བུ་བདུན་ཐང་སོགས་བསྟེན་དགོས།
3.ནད་རྟགས་སུ་གློ་ལུ་མངོན་གསལ་ཅན་རྣམས་ལ། གློ་ཚད་སེལ་བ་དང་ལུད་པ་འགོག་པའི་སྨན་ཏེ། གཙོ་བོ་ཉེར་ལྔ་དང་གློ་ཚད་ཀུན་སེལ། འཕྲུལ་ཐང་སོགས་བསྟེན་དགོས།
4.ནད་རྟགས་སུ་ཐང་ཆད་པ་དང་། ཕོ་རྒྱུ་མི་བདེ་བར་ཁོག་པ་བཤལ་བ་དང་སྐྱུག་པ་ཅན་རྣམས་ལ། ཕོ་བའི་མེ་དྲོད་གསོ་ཞིང་ཟས་འཇུ་ནུས་པའི་སྨན་ཏེ། སེ་འབྲུ་དྭངས་གནས་དང་ཟླ་ཤེལ་ཆེན་མོ། རིལ་དཀར་སོགས་བསྟེན་པ་དང་། བཤང་བ་སྐམ་པ་ཅན་ལ་ཞི་བྱེད་དྲུག་པ་བསྟེན་དགོས།
5.ནད་རྟགས་སུ་སྣ་འཚུབ་པ་དང་སྣ་ཆུ་ཅན་ལ། ཚ་བ་དང་དབུགས་འཚང་སེལ་བའི་སྨན་ཏེ། ཁྱུང་སྔོན་དགུ་བ་དང་སྤང་རྒྱན་བཅོ་ལྔ་སོགས་བསྟེན་དགོས།
གཉིས། བྱིས་པའི་བཅོས་ཐབས་ཇུས་གཞི།
1.ནད་རྟགས་སུ་གྲང་ཤུམ་བྱེད་པ་དང་ཚ་རྒྱག་པ། ཤ་གྲིམ་ན་བ་ཅན་རྣམས་ལ་ཁོང་སྨན་དུ་མ་ནུ་བཞི་ཐང་དང་གཅིག་ཤེས་ཀུན་གྲོལ་སོགས་བསྟེན་དགོས།
2.ནད་རྟགས་སུ་ཚ་རྒྱག་པ་དང་གྲེ་བ་སྐམ་ཞིང་ན་བ། གློ་ལུ་ཅན་རྣམས་ལ་ཁོང་སྨན་དུ་འཕྲུལ་ཐང་དང་གཅིག་ཤེས་ཀུན་གྲོལ་སོགས་གང་རུང་བསྟེན་དགོས།
3.ནད་རྟགས་སུ་ཚ་རྒྱག་པ་དང་ཟས་ཀྱི་ཡི་ག་ཞན་ཞིང་ཁོག་པ་སྦོས་བ། ལྕེའི་རོ་མི་ཚོར་བ། བཤང་བའི་དྲི་ཆེ་པའམ་སྐམ་པ་ཅན་རྣམས་ལ་ཁོང་སྨན་དུ་ཟླ་ཤེལ་ཆེན་མོ་སོགས་བསྟེན་དགོས།
4.ནད་རྟགས་སུ་གྲེ་བ་ན་བ་མངོན་གསལ་ཅན་རྣམས་ལ་ཁོང་སྨན་དུ་ལི་ཤི་དྲུག་པ་སོགས་བསྟེན་དགོས།
5.ནད་རྟགས་སུ་གློ་ལུ་མངོན་གསལ་ཅན་རྣམས་ལ་ཁོང་སྨན་དུ་གཅིག་ཤེས་ཀུན་གྲོལ་དང་བློན་པོ་སུམ་སྦྱོར་སོགས་བསྟེན་དགོས།
6.ནད་རྟགས་སུ་ཐང་ཆད་པ་དང་ཟས་ཀྱི་ཡི་ག་མེད་པ་ཅན་རྣམས་ལ་ཁོང་སྨན་དུ་སེ་འབྲུ་དྭངས་གནས་སོགས་བསྟེན་དགོས།
བྱིས་པའི་གཟུགས་གཞི་དམིགས་བསལ་ཡིན་པ་དང་ནད་གཞིའི་འགྱུར་ལྡོག་མྱུར་བས་སྨན་པའི་མཛུབ་སྟོན་འོག་ཁོང་སྨན་བསྟེན་དགོས་པ་དང་། གལ་ཏེ་ནད་གཞིར་འགྱུར་ལྡོག་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་གསོ་བཅོས་བྱ་དགོས།
གསུམ། དམིགས་བསལ་གྱི་མི་ཚོགས་ཏེ་བྱིས་པ་དང་ནུ་ཞོ་སྣུན་པའི་བུད་མེད། སྦྲུམ་མ་དང་རྒན་པ། དེ་བཞིན་རྨང་གཞིའི་ནད་རིགས་ཡོད་པའི་མི་ཚོགས་ཀྱིས་སྨན་པའི་མཛུབ་སྟོན་འོག་ཁོང་སྨན་བསྟེན་དགོས་པ་དང་། ས་གནས་ཁག་གི་སྨན་བཅོས་སྒྲིག་གཞི“དྲ་སྦྲེལ+སྨན་བཅོས”སྤྱད་དེ་ཁྱིམ་སྡོད་བདེ་ཐང་མཛུབ་སྟོན་དང་། བདེ་ཐང་དྲིལ་བསྒྲགས་སློབ་གསོ། སྨན་སྤྱོད་བློ་འདྲི་སོགས་ཀྱི་ཞབས་ཞུ་སྤེལ་ནས་མང་ཚོགས་ལ་བོད་སྨན་ལུགས་མཐུན་ངང་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་དགོས།
མཉམ་འཇོག་བྱ་ཡུལ། གོང་གི་ནད་རྟགས་ལ་གཞིགས་པའི་སྨན་སྣའི་ནང་སྣ་གཅིག་ནས་གཉིས་བདམ་སྟེ་གསལ་བཤད་ཡི་གེ་ལྟར་བསྟེན་རྒྱུ་དང་། སྤྱིར་བཏང་ཉིན3-5བར་ནད་རྟགས་ཞི་རྗེས་སྨན་མཚམས་བཞག་ཆོག གལ་ཏེ་ནད་རྟགས་མ་ཞི་པའམ་ཡང་ན་སྡུག་ཏུ་ཕྱིན་ཚེ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་གསོ་བཅོས་བྱ་དགོས།
གཉིས་པ། སྔོན་འགོག་ཇུས་གཞི།
གཅིག སྨན་གྱི་སྔོན་འགོག
ལོ་གྱོན་མ། ཉིན་རེར་ཁེ1ཆུ་ཁོལ་དྲོད་འཇམ་དུ་སྦངས་ནས་བསྟེན། རྒན་དར་གཞོན་གསུམ་གང་ཡིན་ཡང་སྔོན་འགོག་ཏུ་བསྟེན་ཆོག
གཉིས། དཔྱད་ཀྱི་སྔོན་འགོག
1.སྤོས་བདུག བདུག་པ་ནག་པོ་དགུ་སྦྱོར་ཉུང་ཙམ་རེ་མེ་ལ་སྦར་ཏེ་ཁྱིམ་ནང་གི་མཁའ་དབུགས་གཙང་སེལ་དང་མནོལ་སེལ་བྱ་དགོས། ཉིན་རེར་ཐེངས2-3ལ་བདུག(སྦྲུམ་མ་དང་མེ་ཏོག་གི་དྲི་མི་འཕྲོད་པས་འཛེམ་དགོས།)
2.རིམས་སེལ། ནག་པོ་དགུ་སྦྱོར་གྱི་ཁྲོལ་བུ་སྐེ་ལ་བཏགས་ནས་ཉིན7རེའི་ནང་བརྗེས་དགོས།(སྦྲུམ་མ་དང་མེ་ཏོག་གི་དྲི་མི་འཕྲོད་པས་འཛེམ་དགོས།)
3.ཙོག་ལུམས། བདུད་རྩི་ལྔ་ལུམས་ཕྱེ་རགས་ཁེ10ཡང་ན་བདུད་རྩི་སྨན་ལུམས་ཁེ30། ཆུ་ཁོལ་ནང་སྦངས་ནས(དྲོད་ཚད42℃ཙམ། )རྐང་པ་ལུམས་སུ་གཞུག་ནས་འཁྲུ་དགོས། ཉིན་རེར་ཐེངས1དང་ཐེངས་རེར་སྐར་མ30-40ཙམ་སྦངས་པ། ཐེངས་བདུན་བཅོས་ཡུན་གཅིག་ཡིན།
4.ཟས་ཚོད་བསྡམ་པ། ཟས་སྐོམ་དུས་ལྟར་བསྟེན་རྒྱུ་དང་། སྐྱ་ལ་འཇུ་སླ་བའི་ཟས་རིགས་སྣ་ཚོགས་བསྟེན། འབྲུ་རིགས་དང་སྤྲི་དཀར་གྱི་རྫས་མང་བའི་ཟས་ཏེ་འབྲས་དཀར་ཕྱེ་ཐུག སྣེའུ་འབྲས་ཕྱེ་ཐུག སྲན་ཁུ། སྦྲང་རྩི། འོ་མ་སོགས་དང་། སྔོ་ཚལ་དང་སིལ་ཏོག་རིགས་ཏེ་ཞི་ལན་ཧྭ། ཙི་ཀན་ལན། ཚོད་དཀར། ལ་ཕུག ཀུ་ཤུ། སྔོ་འཇོང་སོགས་དང་། ཆུ་ཁོལ་མང་དུ་བསྟེན་དགོས།
5.རྒྱུན་སྤྱོད་བསྲུང་པ། ངལ་གསོ་འོས་འཚམ་བྱ་བ་དང་གཉིད་འདང་ཚིམ་པ། སེམས་ཁམས་དྭངས་ཤིང་སྤྲོ་བ། ལུས་སྦྱོང་དང་ངལ་གསོ་འོས་འཚམ་བྱས་ཏེ་གནམ་གཤིས་དྲོ་གྲང་དང་བསྟུན་ནས་གྱོན་ཆས་དང་ཁང་པའི་ནང་གི་དྲོད་ཚད་སྙོམ་སྒྲིག་བྱེད་དགོས། གྲང་འགོག་དྲོད་སྲུང་དང་དུས་རྒྱུན་སྤྱོད་ལམ་ལེགས་པར་བྱས་ནས་ལུས་ཁམས་བདེ་སྲུང་བྱ་དགོས། དེ་མིན་ཁ་ཐུམ་རྒྱག་པ་དང་ལག་པ་ཡང་ཡང་བཀྲུ་དགོས་ཤིང་འདུ་འཛི་ཆེ་བའི་གནས་སུ་མི་འགྲོ་བ་བཅས་བྱེད་རྒྱུ་གལ་ཆེ།
གསུམ་པ། ཕྱི་རྗེས་གཅོད་ཐབས།
གཅིག བོད་སྨན་གྱིས་ཕྱི་རྗེས་གཅོད་ཐབས།
1.ནད་རྟགས་སུ་དབུགས་འཚང་བ་དང་རྔུལ་ནག་འདོན་པ། བྲང་བསྡམས་ཞིང་སྙིང་ཁམས་མི་བདེ་བ། སྐམ་ལུ་བྱེད་པ་ཅན་རྣམས་ལ་ཕོ་བའི་མེ་དྲོད་དང་གློ་སྙིང་གསོ་བའི་ཁོང་སྨན་ཏེ། གསོ་བྱེད་ཉི་མའི་དཀྱིལ་འཁོར་དང་ཨ་གར་བཅོ་ལྔ། འབའ་སམ་སྨན་མར་སོགས་བསྟེན་དགོས།
2.ནད་རྟགས་སུ་ལུས་ཐང་ཆད་པ་དང་ཟས་ཀྱི་ཡི་ག་མེད་པ། ཕོ་བ་སྦོས་བརྒྱངས་བྱེད་པ། ཁོག་པ་བཤལ་བ་ཅན་རྣམས་ལ་ཕོ་བའི་མེ་དྲོད་བསྲུང་བའི་སྨན་ཏེ་སེ་འབྲུ་དྭངས་གནས་སོགས་བསྟེན་དགོས།
3.ནད་རྟགས་སུ་གཉིད་ཡེར་བ་དང་སེམས་ལས་ཆེ་བ། ཡི་མུག་པ་ཅན་རྣམས་ལ་སྙིང་དང་རླུང་ཁམས་གསོ་བའི་སྨན་ཏེ་ཨ་གར་བཅོ་ལྔ་དང་ཨ་གར་བརྒྱད་པ་སོགས་བསྟེན་དགོས།
གཉིས། དཔྱད་ཀྱི་ཕྱི་རྗེས་གཅོད་ཐབས།
1.ཙོག་ལུམས། བདུད་རྩི་ལྔ་ལུམས་ཕྱེ་རགས་ཁེ10ཡང་ན་བདུད་རྩི་སྨན་ལུམས་ཁེ30། ཆུ་ཁོལ་ནང་སྦངས་ནས(དྲོད་ཚད42℃ཙམ། )རྐང་པ་ལུམས་སུ་གཞུག་ནས་འཁྲུ་དགོས། ཉིན་རེར་ཐེངས1དང་ཐེངས་རེར་སྐར་མ30-40ཙམ་སྦངས་པ། ཐེངས་བདུན་བཅོས་ཡུན་གཅིག་ཡིན།
2.ཧོར་མེའི་བཅོས་ཐབས། སྤྱི་གཙུག་དང་ཨན་སྟོང་ཚིགས་པ་དང་པོ། མཇིང་ཚིགས་སོགས་ཀྱི་གསང་གནས་སུ་ཧོར་མེ་བསྟེན་དགོས། ཐེངས་རེར་སྐར་མ30དང་ཉིན3ནང་ཐེངས1བསྟེན་དགོས།
3.བསྐུ་མཉེའི་བཅོས་ཐབས། མཇིང་ཚིགས་ཡོངས་ཀྱི་གསང་དམིགས་དང་རྒྱབ་ཚིགས6། 7། 10། 13། 14བཅས་ལ་བསྐུ་མཉེ་བྱེད་པ། ཐེངས་རེར་སྐར་མ30དང་ཉིན2-3ལ་ཐེངས1བསྟེན་དགོས།
4.བཅོས་ཐབས་གཞན་པ། བོད་ཀྱི་གསོ་བ་རིག་པའི་ལུས་སྦྱོང་ཁམས་གསོ་བྱེད་ཐབས་ལྟར་ལུས་སྦྱོང་འོས་འཚམ་བྱེད་དགོས།
རྩོམ་སྒྲིག་པ། འབྲུག་མོ།