བྱིས་པའི་རོལ་རྩེད་ལ་ཚོད་འཛིན་བྱེད་ཐབས།
2022.12.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

ཁོམ་སྐབས་ཕྲན་ཙམ་བྱུང་ཚེ་རོལ་རྩེད་ལ་གཡེང་ནས་ཕ་མའི་སྐད་ཆར་མི་ཉན་པའི་གནས་ཚུལ་ལ་ཐུག་ཚེ། ཁྱིམ་བདག་མང་པོས་རང་གི་བྱིས་པ་རོལ་རྩེད་ལ་དབྱིངས་ཞུགས་སོང་བར་སེམས་ཁྲལ་བྱེད་ཀྱིན་ཡོད།

རོལ་རྩེད་ཀྱིས་རྣ་བ་དང་མིག་ལ་ངོ་མཚར་བའི་ལྟད་མོ་སྟོན་ཞིང་། རྩེ་མཁན་གྱི་བསམ་འདོད་ལ་བསྟུན་ནས་འགག་སྒོ་རེ་རེ་ལས་རྒྱལ་བའི་མྱོང་སྣང་དེ་སྟེར་བར་མ་ཟད། དེ་ལ་བྱ་དགའ་སྣ་ཚོགས་ཀྱི་སྐྱེས་ཡིད་ཚིམ་པའང་ཐོབ་ཏུ་ཡོད་པས། མི་ལ་དགའ་སྣང་དང་སྐྱིད་སྣང་རིམ་འཕར་གྱི་མྱོང་སྣང་ཁྱད་མཚར་བ་ཞིག་སྟེར་གྱིན་ཡོད། གལ་ཏེ་རོལ་རྩེད་དེ་དང་ཁ་བྲལ་ཚེ་སྣང་བ་དེ་དག་ཀྱང་རང་བཞིན་གྱིས་ཇེ་ཆུང་དུ་འགྲོ་བ་དང་མེད་པར་འགྱུར་སླ་བ་ཡིན་ལ། གལ་ཏེ་སླར་ཡང་རོལ་རྩེད་ལ་ཞུགས་ཚེ། སྣང་བ་སྐྱིད་པོ་དེ་མ་ཐག་མྱོང་ཐུབ་པ་ཡིན། དེ་ལྟར་ཡང་དང་བསྐྱར་དུ་རོལ་རྩེད་ལ་ཞུགས་པ་ཡིན་ན། མིའི་ལུས་སེམས་ལ་རང་དབང་མེད་པར་རོལ་རྩེད་ཀྱི་སྣང་བ་དེ་མྱོང་འདོད་ཀྱི་སྣང་ཚུལ་སྣ་ཚོགས་འབྱུང་སྲིད། གཞན་ཡང་རོལ་རྩེད་ལ་ཞུགས་པའི་སྐབས་སུ། བྱིས་པའི་བློ་རིག་རྩེ་གཅིག་ཏུ་གཏད་ཡོད་པས། དོན་དག་གཞན་སེམས་ནང་ལ་འགྲོ་དཀའ་ལ། དུས་ཚོད་ཇི་ལྟར་འགྲོ་བཞིན་པའང་གསལ་པོ་ཤེས་ཐབས་མེད་པས། རོལ་རྩེད་ལ་ཞུགས་ཚེ་མཚམས་འཇོག་མི་ཐུབ་པའི་གནས་ཚུལ་འབྱུང་བཞིན་ཡོད།

རོལ་རྩེད་ལ་དབྱིངས་ཞུགས་ཡོད་མེད་ནི་གཙོ་བོ་རོལ་རྩེད་རྩེ་བའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ་མིན་ལ་བལྟ་དགོས་ཏེ། དེ་ཡང་རོལ་རྩེད་ཀྱིས་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་འདྲིས། བདེ་ཐང་སོགས་ལ་མི་ལེགས་པའི་ནུས་པ་ཐེབས་ཀྱང་སྔར་བཞིན་དེ་ལ་ཞུགས་པ་མཚམས་མི་འཇོག་པ་ཞིག་ཡིན། ཉུང་མཐའ་ཡང་ལོ་གཅིག་གི་ཡུན་ལ་དེ་འདྲའི་ཁྱད་ཆོས་མངོན་པར་གསལ་བ་ཡིན་ན་ད་གཟོད་དབྱིངས་ཞུགས་ཡོད་མེད་ཐག་ཆོད་པ་ཡིན། གཞན་ཡང་སྨན་པས་གནོད་འཚེ་རང་བཞིན་གྱི་རོལ་རྩེད་རྩེ་བའི་བྱ་སྤྱོད་དང་། ཡི་མུག་སོགས་སེམས་ཁམས་ཀྱི་གནད་དོན་ཡོད་མེད་སོགས་ལའང་བསྡུར་ནས་བརྟག་དགོས་པ་ཡིན།

བྱིས་པའི་རོལ་རྩེད་ལ་ཚོད་འཛིན་བྱེད་ཐབས།

དང་པོ། ཕ་མས་བྱིས་པ་རོལ་རྩེད་ལ་དགའ་བའི་རྒྱུ་མཚན་རྟོགས་དགོས། དེ་ནི་སུན་སྣང་དང་ཁོམ་དྲགས་པས་ཡིན་ནམ། ཡང་ན་ཁོ་ལ་སེམས་ཁུར་གཞན་ཞིག་ཡོད་པས་ཡིན་ནམ། དེ་མིན་རོལ་རྩེད་ལ་དབྱིངས་ཞུགས་ཡོད་མེད་དང་སེམས་ཁམས་ཀྱི་གནད་དོན་གཞན་ཡོད་མེད་ཀྱང་ཤེས་དགོས། རྒྱུ་མཚན་གསལ་པོར་རྟོགས་ན་ད་གཟོད་བྱིས་པར་རོགས་རམ་བྱེད་ཐུབ། ཕ་མས་དུས་ཚོད་མང་པོ་བྱིས་པར་འདུག་རོགས་བྱེད་པའི་ཕྱོགས་སུ་སྤྱོད་དགོས་ལ། བྱིས་པའི་ཉིན་རྒྱུན་གྱི་འཚོ་བ་དང་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ། ཁྱིམ་ཚང་གི་འཚོ་བ་ཕུན་སུམ་ཚོགས་པར་བསྒྱུར་དགོས།

གཉིས་པ། ཕ་མས་བྱིས་པར་རོལ་རྩེད་ལ་ཞུགས་པའི་སྒྲིག་ལམ་འཛུགས་རོགས་བྱེད་དགོས། ཚང་མས་རོལ་རྩེད་ཀྱི་སྒྲིག་སྟངས་ལ་བལྟས་ནས། སླ་མོ་ནས་དཀའ་མོར་རིམ་བཞིན་འཇུག་ཆོག  དཔེར་ན། དང་པོ་རྒྱུན་ལྡན་གྱི་ངལ་གསོའི་དུས་ཚོད་སླར་གསོ་བྱས་ཏེ། རོལ་རྩེད་གཞན་དང་གཞན་གྱི་དུས་ཚོད་ཇེ་མང་དུ་བཏང་ཆོག་ལ། དེ་ནས་རིམ་བཞིན་ཉིན་ལྟར་འགྲུབ་དགོས་པའི་སློབ་སྦྱོང་གི་ནང་དོན་ལ་ཞུགས་པ། མཐར་ད་གཟོད་རོལ་རྩེད་ལ་ཞུགས་པའི་དུས་ཚོད་ཇེ་ཉུང་དུ་གཏོང་བ་ལྟ་བུ། གོ་རིམ་དེའི་ཁྲོད་ནས། ཕ་མས་གཟེངས་བསྟོད་དང་ཆད་པའི་སྒྲིག་ལམ་བཙུགས་ཆོག་སྟེ། དཔེར་ན་བྱིས་པས་ཉིན་དེའི་འཆར་གཞི་ལེགས་པར་འགྲུབ་ཚེ་མེ་ཏོག་ཅིག་ཐོབ་པར་བྱས་ནས།  མེ་ཏོག་གི་གྲངས་ཀ་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་ལེགས་སྐྱེས་ཤིག་གདམ་ཆོག་པར་བྱེད་ཆོག  གལ་ཏེ་ཉིན་དེའི་འཆར་གཞི་མ་འགྲུབ་ཚེ། རོལ་རྩེད་ལ་ཞུགས་པའི་དུས་ཚོད་མེད་པ་ལྟ་བུ་བྱེད་དགོས། །

གསུམ་པ། སྒྲིག་བཀོད་འགའ་ཞིག་སྙོམས་སྒྲིག་གིས་རོལ་རྩེད་ཀྱི་འགུག་ཤུགས་ལ་ཚད་བཀག་བཟོས་ཆོག་སྟེ། དཔེར་ན་རོལ་རྩེད་ཀྱི་མདུན་ཤོག་རྒྱབ་ཤ་མག་མོག་ཏུ་བཟོ་བ་དང་། སྒྲ་སྒོ་རྒྱག་པ་སོགས་ཀྱིས་སྒྲ་འོད་ཀྱིས་ཀླད་པར་ཐེབས་པའི་ཕོག་ཐུག་ཇེ་ཆུང་དུ་གཏོང་བ་ལྟ་བུ་དང་། ཡང་ན་ཉིན་རྒྱུན་རོལ་རྩེད་མཇུག་རྫོགས་རྗེས། རོལ་རྩེད་ཀྱི་མཉེན་ཆས་བསུབ་པ་དང་། བསྐྱར་དུ་རྩེ་དུས་མགོ་ནས་ཕབ་ལེན་དང་ཐོ་འགོད་བྱེད་དགོས་པར་བྱས་ཏེ། རོལ་རྩེད་རྩེ་བའི་ལས་ཚེགས་ཇེ་ཆེར་གཏོང་བ་ལྟ་བུའོ། །

རྩོམ་སྒྲིག་པ། འབྲུག་མོ།