ནད་ཐོག་ལག་ལེན་སྟེང་ནས་བལྟས་ན། ནད་དུག་ཕོག་སྟེ་ཉིན་བདུན་འགོར་རྗེས། ནད་རྟགས་ཚབས་ཆེན་མིན་པའི་ནད་པ་མང་པོ་ཞིག་གི་ཉིང་སྐྱུར་སྲིབ་གཤིས་སུ་གྱུར་ཡོད་ལ། ནད་དུག་གི་གྲངས་འབོར་ཡང་ཧ་ཅང་ཉུང་བས་ཕལ་ཆེར་འགོས་ཤུགས་མེད་པར་གྱུར་ཡོད་པ་རེད། མིད་པ་ན་བ་དང་གློ་ལུ་བ་ཡིས་དགོང་མོའི་གཉིད་ལ་གནོད་འཚེ་མི་ཐེབས་པའི་སྐབས་སུ། ལུས་པོ་ཕལ་ཆེར་དྲག་སྐྱེད་བྱུང་ཡོད་པས། ལས་ཚོགས་སུ་ཞུགས་ཆོག
གལ་ཏེ་ཉིང་སྐྱུར་བརྟག་འཇལ་བྱེད་པར་སྟབས་མི་བདེ་ན། བསྟུད་མར་ཉིན་གསུམ་ལ་གདོད་འགོག་བཤེར་འཇལ་བྱེད་པ་དང་། ཉིན་གསུམ་པོར་སྲིབ་གཤིས་ཡིན་ན། ཕལ་ཆེར་འགོས་ཤུགས་མི་ལྡན་ཞིང་། སྐབས་དེར་ལུས་པོར་མི་བདེ་བའི་ནད་རྟགས་གཞན་པ་མེད་ན། སྒོར་བུད་དེ་ལས་ཚོགས་སུ་ཞུགས་ཆོག
ནད་དུག་ལས་ཐར་རྗེས་ལུས་སྦྱོང་བྱེད་ཆོག་གམ།
པྲོག་གསར་ནད་དུག་ལས་ཐར་རྗེས། མི་མང་པོ་ཞིག་གི་ལུས་པོ་སླར་གསོ་འབྱུང་བར་ད་རུང་གཟའ་འཁོར་གཅིག་ནས་གཉིས་ཀྱི་དུས་ཡུན་དགོས་པ་རེད། སྐབས་དེར་ལུས་སྦྱོང་དྲག་པོ་མི་བྱེད་པར། ལུས་སྦྱོང་ཡང་མོ་བྱས་ཏེ་ཚོད་ལྟ་བྱེད་པ་དང་། གལ་ཏེ་ལུས་ཐང་ཆད་ན་མྱུར་དུ་ངལ་གསོ་དགོས།
ནད་དུག་ལས་ཐར་རྗེས་ཁ་ཐུམ་རྒྱག་དགོས་སམ།
ཁ་ཐུམ་རྒྱག་དགོས་པ་དང་རྒྱུན་དུ་ལག་པ་བཀྲུ་དགོས་ལ། མི་གཞན་ལ་འབྲེལ་འདྲིས་མང་པོ་མི་བྱེད་པར་མ་ཟད། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་གོམས་སྲོལ་རྣམས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས།
གལ་ཏེ་སྒོར་འགྲོ་འདོད་ན་རང་ཉིད་ལ་འགོས་ཤུགས་ལྡན་མིན་གསལ་པོ་བྱེད་དགོས་པ་དང་། མི་ཚོགས་འདུ་བ་དང་རླུང་མི་རྒྱུ་བའི་གནས་སུ་ཁ་ཐུམ་རྒྱག་པ་དང་ལག་པའི་གཙང་སྦྲར་དོ་སྣང་བྱེད་པ། གློ་ལུ་བ་དང་ཧབ་སྦྲིད་རྒྱག་པའི་སྐབས་སུ་ཁ་སྣ་གཅོད་དགོས།
ནད་དུག་ལས་ཐར་རྗེས་ཁྱིམ་དུ་དུག་སེལ་ཇི་ལྟར་བྱེད་དགོས་སམ།
ཁྱིམ་དུ་དུག་སེལ་བྱེད་སྟངས་ཆེས་ལེགས་པོ་ནི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་རྒྱུ་དེ་རེད། ཉིན་རེར་ཐེངས་གཉིས་ནས་གསུམ་དང་ཐེངས་རེར་དུས་ཚོད་ཕྱེད་ཀ་ཡས་མས་ལ་རླུང་རྒྱུ་རུ་འཇུག་དགོས།
ཁྱིམ་དུ་ཆང་བཅུད་མང་པོ་གཏོར་ཏེ་དུག་སེལ་བྱེད་མི་རུང་། རླུང་མི་རྒྱུ་བའི་གནས་སུ་ཆང་བཅུད་འབར་སླ་བ་ཡིན་པས། ཁྱིམ་ཚང་གི་ནང་དུ་ཆང་བཅུད་མང་པོ་མ་བཞག་ན་བཟང་།
སྤྱོད་ཁང་དང་ཐབ་ཚང་སོགས་སུ་ཁིལ་ལྡན་དུག་སེལ་གཤེར་ཁུ་སྤྱད་དེ་ཕྱི་བ་དང་། ཕྱིས་ཚར་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་རྗེས་སུ་ཡང་བསྐྱར་ཆུ་གཙང་མས་ཕྱི་དགོས།
ནད་དུག་ལས་ཐར་རྗེས་ཡང་བསྐྱར་ནད་དུག་ཕོག་སྲིད་དམ།
ཐེངས་དང་པོར་ཨོ་སྨི་ཁི་རོང་ཕོག་རྗེས། འགོག་གཟུགས་ཆགས་ཡོད་པས་དུས་ཡུན་ཐུང་ངུའི་ནང་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ལྡན་པ་ཡིན། སྤྱིར་བཏང་དུ་ཟླ་ངོ3ནས་ཟླ་ངོ6གི་བར་ཡང་བསྐྱར་འགོ་མི་སྲིད།
གལ་ཏེ་ནད་དུག་གི་ངོ་བོ་འགྱུར་བ་དང་། ནད་དུག་གི་རིམས་འགོག་བྲོས་བྱོལ་ནུས་པ་ཇེ་དྲག་ཏུ་སོང་ན། ཡང་བསྐྱར་འགོས་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། དེ་བས་མུ་མཐུད་དུ་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་གོམས་སྲོལ་རྒྱུན་འཁྱོངས་བྱེད་དགོས།
ནད་དུག་ལས་ཐར་རྗེས་འགོག་ཁབ་རྒྱག་དགོས་སམ།
ནད་དུག་ལས་ཐར་ནའང་ཡང་བསྐྱར་ནད་དུག་མི་ཕོག་པའི་ངེས་པ་མེད་པས། གཞུང་ལུགས་ཀྱི་སྟེང་ནས་བཤད་ན་འགོག་ཁབ་རྒྱག་དགོས།
པྲོག་གསར་ནད་དུག་ཕོག་ཡོད་པའི་སྐབས་དང་ནད་དུག་ལས་ཐར་མ་ཐག་པའི་མི་ལ་དུས་རིམ་དེའི་ནང་དུ་འགོག་ཁབ་རྒྱག་མི་རུང་། དྲག་སྐྱེད་བྱུང་ནས་ཆེས་ཉུང་ནའང་ཟླ་ངོ6གི་རྗེས་སུ་ད་གཟོད་སྨན་པར་དྲིས་ནས།འགོག་ཁབ་རྒྱག་རུང་མིན་གྱི་གནས་ཚུལ་ལ་བརྟག་དགོས། །
རྩོམ་སྒྲིག་པ། འབྲུག་མོ།