ཨོ་སྨི་ཁི་རོང་ནད་དུག་འགོས་ཚེ་དུས་ཅི་ཙམ་ནས་གདོད་འགོག་བཤེར་འཇལ་གྱིས་རྟོགས་ནུས་པ་ཡིན།
2022.12.28 ཁུངས། མཚོ་སྔོན་འཕྲོད་བསྟེན་དང་བདེ་ཐང་། ཀློག་གྲངས། 17

པྲོག་གསར་ནད་དུག་བརྟག་དཔྱད་ཚད་ལེན་གྱི་ཐབས་ཇུས་སྔར་བས་ཇེ་ལེགས་སུ་བཏང་ནས་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པོར་བསྒྲུབ་ཆེད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཁག་གིས《པྲོག་གསར་ནད་དུག་གི་གདོད་འགོག་བཤེར་འཇལ་ཉེར་སྤྱོད་ཇུས་གཞི》ཞེས་པའི་ཡིག་ཆ་བཀྲམ་ཡོད་པ་རེད།  ཨོ་སྨི་ཁི་རོང་ནད་དུག་འགོས་པར་གྱུར་ན་དུས་ཅི་ཙམ་ནས་གདོད་འགོག་བཤེར་འཇལ་གྱིས་རྟོགས་ནུས་པ་དང་། གདོད་འགོག་བཤེར་འཇལ་མཇུག་འབྲས་གདགས་གཤིས་སུ་མངོན་པར་གྱུར་ན་ཅི་ཞིག་བྱ་དགོས་པ་སོགས་རྒྱ་ཆེའི་སྤྱི་དམངས་རྣམ་ས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་གནད་དོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་འབྲེལ་ཡོད་ཆེད་མཁས་པས་ལན་བཏབ་ཡོད་པ་རེད།

གཅིག ཨོ་སྨི་ཁི་རོང་ནད་དུག་འགོས་ཚེ་དུས་ཅི་ཙམ་ནས་གདོད་འགོག་བཤེར་འཇལ་གྱིས་རྟོགས་ནུས་པ་ཞེ་ན།

གདོད་འགོག་བཤེར་འཇལ་དེ་མགྱོགས་ཤིང་སྔར་ལས་སྟབས་བདེ་ནའང་། སྤྱིར་བཏང་དུ་ནད་དུག་འགོས་ཡོད་མཁན་གྱི་ལུས་སྟེང་ལ་ནད་དུག་མང་དུ་འཕེལ་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན་ནད་དུག་ཕྱི་ལ་ཕུད་ཚད་ཧ་ཅང་མཐོ་བས། སྐབས་དེར་གདོད་འགོག་བཤེར་འཇལ་བྱས་ན་ད་གཟོད་ཤེས་ནུས་པ་ཡིན། དེ་བས་ནད་དུག་འགོས་པའི་ཐོག་མའི་སྐབས་སུ་ནད་རྟགས་ཡང་མོ་ཙམ་བྱུང་ན་ཡང་། ནད་དུག་ཉུང་ངུ་ཙམ་ལས་མེད་པས་གདོད་འགོག་བཤེར་འཇལ་གདགས་གཤིས་སུ་མངོན་པའི་ངེས་པ་མེད། ཨོ་སྨི་ཁི་རོང་ནད་དུག་ལ་ཕྱི་ལ་མི་མངོན་པའི་དུས་ཡུན་ངེས་ཅན་ཞིག་ཡོད་པས་སྤྱིར་བཏང་དུ་ནད་དུག་འགོས་རྗེས་ཀྱི་ཉིན་གཉིས་ནས་གསུམ་གྱི་རྗེས་སུ་གདོད་འགོག་བཤེར་འཇལ་བྱས་ན་ཤེས་ནུས་པ་ཡིན་མོད། ནད་པ་སྐོར་ཞིག་དང་ལྷག་པར་དུ་ནད་རྟགས་མེད་པའི་ནད་པ་ལ། ལུས་སྟེང་གི་ནད་དུག་དུས་ཡུན་ངེས་ཅན་ཞིག་ལ་མང་དུ་འཕེལ་མི་སྲིད་པས། ཉིན་ལྔ་དང་ཡང་ན་དེ་ལས་རིང་བའི་དུས་ཚོད་འགོར་ན་མ་གཏོགས་གདོད་འགོག་བཤེར་འཇལ་གྱིས་ཤེས་མི་ནུས་པ་ཡིན།

གཉིས།གདོད་འགོག་བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་ན། ནད་དུག་འགོས་མེད་པས་ཨེ་ཁྱབ།

གལ་ཏེ་ནད་པའི་ལུས་སྟེང་གི་ནད་དུག་མང་དུ་འཕེལ་ནས་ནད་དུག་ཕྱི་ལ་ཕུད་ཚད་གདོད་འགོག་བཤེར་འཇལ་གྱིས་རྟོགས་ནུས་པའི་ཚད་ལ་མ་ཐོན་ན། བཤེར་འཇལ་མཇུག་འབྲས་སྲིབ་གཤིས་སུ་མངོན་པ་ཡིན། རྒྱུ་རྐྱེན་དེའི་དབང་གིས་མི་སྐོར་ཞིག་ལ་ནད་དུག་འགོས་པར་གྱུར་ནས་ནད་རྟགས་ཀྱང་ཐོན་གྱི་ཡོད་ན་ཡང་། གདོད་འགོག་བཤེར་འཇལ་མཇུག་འབྲས་སྔར་བཞིན་སྲིབ་གཤིས་ཡིན་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་རེད། ཡིན་ན་ཡང་། གནས་ཚུལ་འདི་ལྟ་བུའི་སྐབས་སུ། ནད་པའི་ལུས་སྟེང་ལ་ནད་དུག་འདུས་ཚད་ཤིན་ཏུ་དམའ་བས་འགོས་མཆེད་ཀྱི་རང་བཞིན་ཧ་ཅང་ཆུང་། དེ་བས་གདོད་འགོག་བཤེར་འཇལ་ཉིན་གཅིག་ལ་ཐེངས་གཉིས་ནས་གསུམ་ལ་བྱེད་དགོས་དོན་མེད་ཅིང་། ངེས་པར་དུ་བཤེར་འཇལ་བྱ་དགོས་ན་ཉིན་གཅིག་ལ་ཐེངས་གཅིག་བྱས་པས་ཆོག་གོ

གསུམ། མི་ལ་ལའི་གདོད་འགོག་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་ན་ཡང་། ཉིང་བརྟག་མཇུག་འབྲས་སྲིབ་གཤིས་ཡིན་དོན་ཅི་ཡིན་ནམ་ཞེ་ན།

བརྟག་དཔྱད་བྱེད་ཐབས་དེ་གཉིས་ཀྱི་ཚོར་རྟོགས་ནུས་པ་མི་འདྲ་བར་མ་ཟད། མ་དཔེ་ལེན་ཚུལ་ཀྱང་ཚད་ལྡན་ཡིན་པའི་ངེས་པ་མེད་པས“གདགས་གཤིས་རྫུན་མ”འམ“སྲིབ་གཤིས་རྫུན་མའི”མཇུག་འབྲས་འབུད་པའི་གནས་ཚུལ་ཀྱང་འབྱུང་སྲིད་པ་རེད།   སྤྱིར་བཏང་དུ་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་ཡང་དག་ཡིན་ཚད་དེ་བས་མཐོ། གལ་ཏེ་ཁྱིམ་སྡོད་གསོ་བཅོས་བྱེད་མཁན་གྱི་ནད་རྟགས་མངོན་གསལ་གྱིས་ཇེ་ཡང་དུ་སོང་བའམ་ཡང་ན་ནད་རྟགས་གང་ཡང་མེད་ལ། རང་གིས་བརྟག་པའི་གདོད་འགོག་བརྟག་འབྲས་སྲིབ་གཤིས་ཡིན་པར་མ་ཟད་ཉིང་སྐྱུར་བརྟག་འབྲས་ཀྱང་བསྟུད་མར་ཐེངས་གཉིས་ལ་སྲིབ་གཤིས་ཡིན་ན།(Ctགྲངས་ཚད35ལས་ཆེ་བའམ་མཚུངས་པ། བཤེར་འཇལ་ཐེངས་གཉིས་ཀྱི་བར་ཆོད་དུས་ཡུན་ཆུ་ཚོད24ལས་རིང་བ)ཁྱིམ་སྡོད་གསོ་བཅོས་མཇུག་བསྒྲིལ་ནས་རྒྱུན་ལྡན་གྱི་འཚོ་བ་དང་འགྲོ་འདུག་སོགས་སླར་གསོ་བྱས་ཆོག

བཞི། གདོད་འགོག་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་ན་ཇི་ལྟར་བྱ།

གདོད་འགོག་བཤེར་འཇལ་མཇུག་འབྲས་གལ་ཏེ་གདགས་གཤིས་ཡིན་ཚེ། ནད་རྟགས་ཡང་བའམ་ནད་རྟགས་མེད་ན་ཁྱིམ་ལ་བསྡད་ནས་ལོགས་བཀར་གསོ་བཅོས་བྱས་ཆོག་ལ། ཁྱིམ་སྡོད་ལོགས་བཀར་གསོ་བཅོས་ཀྱི་སྨན་བསྟེན་ཚུལ་ལྟར་འོས་འཚམ་ཡིན་པའི་སྨན་བསྟེན་ནས་གསོ་བཅོས་བྱ་དགོས། ནད་གཞི་ཇེ་ལྕི་རུ་སོང་ན་དེ་མ་ཉིད་དུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚ་བརྟག་སྒོ་བསྟེན་ཁང་དུ་སོང་ནས་ནད་བརྟག་སྨན་བཅོས་བྱ་དགོས། གལ་ཏེ་ལོ་ལོན་རྒན་པའི་གདོད་འགོག་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་ན། སྨན་བཅོས་མི་སྣའི་ཁྲིད་སྟོན་ལྟར་སྨན་འཐུང་ནས་གསོ་བཅོས་བྱ་དགོས་ལ། ནད་གཞི་ཇེ་ལྕི་རུ་སོང་ན། མྱུར་དུ་རིམ་པ་གསུམ་པའི་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། དེ་ལས་གཞན་གདོད་འགོག་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་ན། འབྲེལ་ཡོད་རེ་འདུན་ལྟར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ཡར་ཞུ་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།