ལས་བཟོ་པར་པྲོག་གསར་ནད་དུག་ཕོག་ནས་ཁྱིམ་སྡོད་ལོགས་བཀར་བྱེད་སྐབས་ཀྱི་གླ་ཕོགས་ཇི་ལྟར་བརྩི་དགོས་སམ།
《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ལས་ཐིན་གྱི་པྲོག་དབྱིབས་ནད་དུག་གསར་པས་བསྐྱེད་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཡུན་གྱི་ངལ་རྩོལ་འབྲེལ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པའི་སྐོར་གྱི་བརྡ་སྦྱོར》ནང་། “པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་དང་ནད་རྟགས་འདྲ་བའི་ནད་པ། ཉེ་བཅར་མཁན་སོགས་ལ་ལོགས་བཀར་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་པ་དང་། ཡང་ན་སྲིད་གཞུང་གིས་ལོགས་བཀར་བྱེད་ཐབས་སྤྱད་པའམ་ཡང་ན་བྲེལ་བསྟུན་བྱེད་ཐབས་སྤྱད་པ་སོགས་ཀྱི་དབང་གིས་རྒྱུན་ལྡན་ལྟར་ལས་ཀར་ཞུགས་མི་ཐུབ་པའི་ཁེ་ལས་ཀྱི་ལས་བཟོ་པར། ཁེ་ལས་ཀྱིས་དུས་སྐབས་དེའི་རིང་གི་གླ་ཕོགས་སྟེར་དགོས་པ”གཏན་འཁེལ་གསལ་པོ་བྱས་ཡོད།
དེ་ནི་ངལ་རྩོལ་པར་ཉིང་སྐྱུར་མཇུག་འབྲས“གདགས་གཤིས”མངོན་ཏེ་ཁྱིམ་སྡོད་ལོགས་བཀར་བྱེད་སྐབས། མི་བཀོལ་སྡེ་ཚན་གྱིས་དེར་གླ་ཕོགས་ངེས་པར་དུ་རྒྱུན་ལྡན་ལྟར་སྟེར་དགོས་པ་དང་། ལས་ཚོགས་སྐབས་ཀྱི་ཟ་མའི་ཁ་གསབ་དང་རླངས་འཁོར་གྱི་ཁ་གསབ་སོགས་མ་བྱིན་ནའང་ཆོག ཡིན་ནའང་དེ་ལ་དབྱེ་བ་གསལ་པོ་འབྱེད་དགོས་ས་འགའ་ཡོད་པ་གཤམ་ལྟར།
གཅིག ངལ་རྩོལ་པ་ཁྱིམ་སྡོད་ལོགས་བཀར་བྱེད་སྐབས། ལུས་པོའི་གནས་ཚུལ་གྱི་དབང་གིས་བྱ་བ་སྒྲུབ་མི་ཐུབ་ཚེ། དེས་ལས་ཀ་ཅི་ཡང་མ་ལས་པའི་གནས་ཚུལ་འོག མི་བཀོལ་སྡེ་ཚན་གྱིས་དེར་གླ་ཕོགས་གྲུབ་ཚུལ་ཁྲོད་ཀྱི་གཞི་རྩའི་གླ་ཕོགས་དང་ལས་རྐང་གི་གླ་ཕོགས་སོགས་བརྟན་འཇགས་ཀྱི་གླ་ཕོགས་ཆ་དེ་སྟེར་དགོས་པ་ཡིན།
གཉིས། གལ་ཏེ་ངལ་རྩོལ་པ་ཁྱིམ་སྡོད་ལོགས་བཀར་བྱེད་སྐབས། ཉིན་རྒྱུན་གྱི་བྱ་བ་ལེགས་འགྲུབ་བྱེད་པ་དང་ཁྱིམ་དུ་རྒྱུན་ལྡན་བཞིན་གཞུང་ལས་སྒྲུབ་ཐུབ་ཚེ། མི་བཀོལ་སྡེ་ཚན་གྱིས་དེའི་བརྟན་འཇགས་ཀྱི་གླ་ཕོགས་སྟེར་དགོས་པ་ལས་གཞན་ད་དུང་ལས་འབྲས་དང་བྱ་དགའ། ཆ་བགོས་སོགས་དང་འབྲེལ་བའི་བརྟན་འཇགས་མ་ཡིན་པའི་གླ་ཕོགས་ཀྱང་སྟེར་དགོས།
གསུམ། ངལ་རྩོལ་པ་ལོགས་བཀར་བྱེད་ཡུན་མཇུག་རྫོགས་རྗེས་སྔར་བཞིན་ལས་མཚམས་བཞག་ནས་སྨན་བཅོས་བྱེད་དགོས་བྱུང་ཚེ། སྨན་བཅོས་ལས་ཁུངས་ཀྱི་ནད་བཅོས་བདེན་དཔང་གཞིར་བཟུང་སྟེ། མི་བཀོལ་སྡེ་ཚན་གྱིས་སྨན་བཅོས་བྱེད་སྐབས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་དེར་གླ་ཕོགས་སྟེར་དགོས།
བཞི། གལ་ཏེ་ངལ་རྩོལ་པར་སྨན་བཅོས་ལས་ཁུངས་ཀྱི་ནད་བཅོས་བདེན་དཔང་མེད་ནའང་མུ་མཐུད་དུ་ནད་གསོ་བྱེད་དགོས་ཚེ། མི་བཀོལ་སྡེ་ཚན་གྱིས་དེར་ལོ་འཁོར་གུང་སེང་དང་། ལས་སྣོན་དང་ངལ་གསོའི་དུས་ཚོད་བརྗེ་བསྒྱུར། ཀུང་སིའི་ཕན་བདེ་གུང་སེང་སོགས་དུས་སྔོན་དུ་བཀོད་སྒྲིག་བྱས་ཆོག
ལྔ། གལ་ཏེ་ངལ་རྩོལ་པར་སྨན་བཅོས་ལས་ཁུངས་ཀྱི་ནད་བཅོས་བདེན་དཔང་མེད་པར་མ་ཟད། སྤྱོད་ཆོག་པའི་གུང་སེང་གཞན་གང་ཡང་མེད་ཚེ། དོན་དགོངས་རེ་ཞུ་བྱས་ཆོག་ལ། མི་བཀོལ་སྡེ་ཚན་གྱིས་དེའི་དོན་དགོངས་ཞུས་ཡུན་རིང་གི་གླ་ཕོགས་སྟེར་མི་དགོས།
ཁེ་ལས་ཀྱིས་ཁྱིམ་སྡོད་ལོགས་བཀར་བྱེད་པའི་ལས་བཟོ་པར་ནད་དགོངས་ཞུ་བའི་བླང་བྱ་བཏོན་ན་གཏན་འཁེལ་དང་མཐུན་ནམ།
ཀོང་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ངལ་རྩོལ་འབྲེལ་བ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝུའུ་ཞའོ་ཝུན་གྱིས་བསྟན་དོན། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ངལ་རྩོལ་འབྲེལ་བའི་སྲིད་ཇུས་སྔར་བཞིན2020ལོར་བཏོན་པའི《པྲོག་དབྱིབས་ནད་དུག་གསར་པས་བསྐྱེད་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཡུན་གྱི་ངལ་རྩོལ་འབྲེལ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པའི་སྐོར་གྱི་བརྡ་སྦྱོར》སྤྱད་ཆོག་ལ། དེའི་ནང་ངལ་རྩོལ་པར་ནད་དགོངས་ཞུ་བའི་བླང་བྱ་བཏོན་མི་ཆོག་པ་གསལ་པོར་བསྟན་ཡོད། རྒྱུ་མཚན་ནི་དེ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར་སྤེལ་བའི་ཁྱིམ་སྡོད་ལོགས་བཀར་ཡིན་པས། ངེས་པར་དུ་རྒྱུན་ལྡན་གྱི་ངལ་རྩོལ་ལྟར་དུས་སྐབས་དེའི་རིང་གི་གླ་ཕོགས་སྟེར་དགོས་པར་མ་ཟད། དུས་སྐབས་དེའི་རིང་ལ་ངལ་རྩོལ་པ་དེ་ཡི་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག
ལས་བཟོ་པ་མི་ཉུང་བ་ཞིག་གིས་བཏོན་པའི“ཀུང་སིས་ཉིང་སྐྱུར་དང་གདོད་འགོག་བརྟག་འཇལ་གྱི་མཇུག་འབྲས་སམ་ཡང་ན་སྨན་ཁང་གི་ནད་བརྟག་བདེན་དཔང་སོགས་ཡོད་ན་ད་གཟོད་ནད་དགོངས་ཞུས་ཆོག་པའི་གཏན་ཁེལ”ལ་དམིགས་ནས། ཝུའུ་ཞའོ་ཝུན་གྱིས་བསྟན་རྒྱུར། དོན་དངོས་ཀྱི་བྱ་བའི་ཁྲོད། གལ་ཏེ་ཉིང་སྐྱུར་དང་གདོད་འགོག་གདགས་གཤིས་བདེན་དཔང་ངམ་ཡང་ན་སྡེ་ཁུལ་གྱི་འབྲེལ་ཡོད་བདེན་དཔང་འདོན་སྤྲོད་བྱེད་མི་ཐུབ་ཚེ། མི་བཀོལ་སྡེ་ཚན་དང་ངལ་རྩོལ་པ་གྲོས་མོལ་བྱས་ཏེ། བརྙན་རིས་ལ་བརྟེན་ནས་བདེན་དཔང་བྱེད་དགོས།
ལས་བཟོ་པ་རིམས་ནད་འགོས་པར་དོགས་ནས་ལས་རྐང་དུ་མ་ལོག་ན་ཆོག་གམ།
ངལ་རྩོལ་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་དུ། “ངལ་རྩོལ་པས་བཅའ་ཁྲིམས་འདིའི་ཁོད་ཚན་དང་པོར་གཏན་འཁེལ་བྱས་པའི་འདྲ་མཉམ་ལས་ཞུགས་དབང་ཆ་དང་ངལ་རྩོལ་ཐོབ་ཆ་ལེན་པའི་དབང་ཆ། ངལ་གསོ་གུང་སེང་དབང་ཆ་སོགས་ཀྱི་དབང་ཆ་མང་པོ་ལོངས་སུ་སྤྱོད་པ་དང་མཉམ་དུ། བཅའ་ཁྲིམས་འདིའི་ཁོད་ཚན་གཉིས་པར་གཏན་འཁེལ་བྱས་པའི་འོས་འགན་ཡང་ལག་བསྟར་བྱེད་དགོས་ཏེ། དེ་ནི་ངལ་རྩོལ་པས་ངལ་རྩོལ་ལས་འགན་ལེགས་འགྲུབ་བྱེད་པ་དང་། ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བ། ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་གྱི་སྲོལ་ལུགས་ལག་ལེན་བྱེད་པ། ངལ་རྩོལ་སྒྲིག་སྲོལ་དང་ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱེད་དགོས་པ་བཅས་ཡིན།
རྒྱལ་ཁབ་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་སློང་བྱེད་བཞིན་པའི་སྒང་འདིར། ལས་བཟོ་པ་ནད་ལས་ཐར་བ་དང་། ལས་ཁུངས་ཀྱིས་ཀྱང་དགོས་ངེས་ཀྱི་བདེ་འཇགས་འཕྲོད་བསྟེན་ཆ་རྐྱེན་འདོན་སྤྲོད་བྱས་ཡོད་ན། ལས་བཟོ་པས་རང་ཉིད་ལ་འགོག་སྲུང་ལེགས་པོ་བྱེད་པ་དང་ཆབས་ཅིག གལ་ཏེ་མི་བཀོལ་སྡེ་ཚན་ལ་ལས་བཟོ་པ་ངེས་པར་དུ་ལས་རྐང་དུ་ཞུགས་ནས་བྱ་བ་སྒྲུབ་དགོས་པ་བྱུང་ཚེ། ལས་བཟོ་པ་ཕྱིར་ལས་རྐང་དུ་ལོག་ནས་བྱ་བ་སྒྲུབ་དགོས། དེ་བཞིན་མི་བཀོལ་སྡེ་ཚན་གྱིས་རང་སྟེང་གི་དོན་དངོས་ལ་གཞིགས་ཏེ། ངེས་པར་ལས་རྐང་དུ་ལོག་ནས་སྒྲུབ་དགོས་པའི་བྱ་བ་མིན་ན་ལས་བཟོ་པ་ཁྱིམ་དུ་བསྡད་ནས་ལས་ཀ་ལས་པ་སོགས་རྒྱང་བསྟེན་ལས་སྒྲུབ་བྱེད་ཐབས་སྤྱོད་པར་འཐད་པ་འབྱུང་དགོས་མོད། འོན་ཀྱང་དེའི་སྔོན་འགྲོ་ནི་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་ན་ད་གཟོད་ལག་བསྟར་བྱས་ཆོག
ཁེ་ལས་ཀྱིས་ཕྱིར་ལས་རྐང་དུ་ལོག་ནས་ལས་ཀ་སླར་གསོ་བྱེད་རྒྱུ་དང་ལེན་མི་བྱེད་པའི་མི་སྣ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།
ངལ་རྩོལ་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པའི་གཏན་འཁེལ་ལྟར་ན། མི་བཀོལ་སྡེ་ཚན་གྱིས་ཁྲིམས་ལྟར་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ངལ་རྩོལ་པའི་ལོངས་སུ་སྤྱད་ཆོག་པའི་ངལ་རྩོལ་དབང་ཆ་དང་ལག་ཏུ་བསྟར་དགོས་པའི་ངལ་རྩོལ་འོས་འགན་ལ་འགན་སྲུང་བྱེད་དགོས། དུས་མཉམ་དུ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པའི་ཁོད་ཚན་གཉིས་པར། ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་རྗེས་དེ་ལ་བཅའ་ཁྲིམས་ཀྱི་གཅུན་ནུས་ཡོད་པས། དོ་བདག་པས་ངེས་པར་དུ་ངལ་རྩོལ་གན་རྒྱར་གཏན་འཁེལ་བྱས་པའི་འོས་འགན་ལག་ལེན་དུ་བསྟར་དགོས། དེའི་ཕྱིར། ཕྱིར་ལས་རྐང་དུ་ལོག་མི་འདོད་པའི་ལས་བཟོ་པར། མི་བཀོལ་སྡེ་ཚན་གྱིས་ཕྱོགས་གཉིས་ཀའི་ངལ་རྩོལ་གན་རྒྱ་དང་སྤྱི་བསྒྲགས་བྱས་ཟིན་པའི་སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་སྟེ་ལས་བཟོ་པ་ལས་བྱོལ་བྱས་པ་ལྟར་ཐག་གཅོད་བྱས་ཆོག ཐེངས་མང་པོར་ཕྱིར་ལས་རྐང་དུ་ལོག་མི་འདོད་ཚུལ་བསྟན་པའི་ལས་བཟོ་པར། མི་བཀོལ་སྡེ་ཚན་གྱིས་ངལ་རྩོལ་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འཁེལ་ལྟར། ངལ་རྩོལ་སྒྲིག་ལམ་དང་མི་བཀོལ་སྡེ་ཚན་གྱི་སྒྲིག་སྲོལ་ལམ་ལུགས་ཀྱི་འགལ་བ་ལྟར། ངལ་རྩོལ་གན་རྒྱ་མེད་པར་བཟོས་ཆོག་ཅིང་། ལས་བཟོ་པ་ལས་གནས་ནས་ཕྱིར་ཕུད་ཆོག །
རྩོམ་སྒྲིག་པ། འབྲུག་མོ།