མཐོ་སྒང་ས་ཆའི་བུད་མེད་རྒན་དར་རྣམས་ཀྱིས་བཟའ་བཏུང་བསྟེན་ཚུལ་སྐོར།
2023.01.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

མཐོ་སྒང་ས་ཁུལ་གྱི་བཟའ་བཏུང་གོམས་སྲོལ་དང་ས་ཁམས་ཁོར་ཡུག་གི་དབང་གིས། ལོ་བཅུ་ཕྲག་འགའི་ཡར་སྔོན་དུ་བུད་མེད་རྒན་དར་རྣམས་ཀྱིས་བཟའ་བཏུང་གིས་ཁམས་ཇི་ལྟར་གསོ་ཚུལ་ལ་བསམ་བློ་བཏང་ན་ཅུང་སྔ་འདུག་པའི་ཚོད་རེད། ཡིན་ནའང་ད་ལྟ་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་བྱུང་བར་བསྟུན། མཐོ་སྒང་གི་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་ཡོད་ལ། མཐོ་སྒང་ནས་ཀྱང་ས་ཁུལ་གཞན་དུ་ཡོད་པའི་བཟའ་བཏུང་སྣ་ཚོགས་ལོངས་སུ་སྤྱོད་ཐུབ། དེ་བས་མཐོ་སྒང་གི་བུད་མེད་རྒན་དར་རྣམས་ཀྱིས་བཟའ་བཏུང་རོལ་ཚུལ་ཡང་ཕོ་བ་རྒྱགས་ཆེད་དང་ཁ་ལ་ཞིམ་ཆེད་ཙམ་ལས་རིང་དུ་བརྒལ་ཏེ། རང་ཉིད་ཀྱི་ལུས་ཕུང་བདེ་ཐང་དང་བཞིན་མདངས་མཛེས་པར་མཁོ་བའི་འཚོ་བཅུད་བསྡུ་ལེན་ཕྱོགས་སུ་འབད་དགོས་ལ། བཅུད་ཆེ་ཞིང་ཚིལ་ཞག་གི་རིགས་ཇེ་ཉུང་དུ་གཏོང་དགོས། དེ་མིན་ལུས་པོའི་བདེ་ཐང་ལ་ནུས་པ་ཆེ་བའི་དམིགས་བསལ་རང་བཞིན་གྱི་ཟས་བཅུད་ཀྱང་བསྡུ་ལེན་བྱ་དགོས།

དང་པོ། ཚིལ་ཞག་མང་པོ་བསྡུ་ལེན་བྱ་མི་རུང་།

མཐོ་སྒང་ས་ཁུལ་དུ་སྐམས་ལུག་གི་ཤ་མང་པོ་ཡོད་པ་དང་། ཤ་ཟ་བར་དགའ་བའི་གོམས་སྲོལ་གྱི་དབང་གིས་ཚིལ་ཞག་བསྡུ་ལེན་བྱེད་ཚད་ནི་ས་ཁུལ་གཞན་ལས་ཆེ། སྤྱིར་བཏང་དུ་བུད་མེད་རྒན་དར་མང་ཤོས་ཀྱིས་ཤ་ཟ་འདོད་ཀྱི་སྲེད་པ་ལ་ཚོད་འཛིན་བྱས་ཏེ། སྤྱིའི་དྲོད་བཅུད་ཀྱི་བསྡུ་ལེན་བྱེད་ཚད་ཚོད་འཛིན་དང་ཚིལ་ཞག་བསྡུ་ལེན་བྱེད་ཚད་ཚོད་འཛིན། སྣུམ་བཙོས་ཟས་རིགས་ཉུང་ཙམ་ཟ་བ་བཅས་ལས། ལུས་པོ་ཚོ་དྲགས་པ་སྔོན་འགོག་བྱེད་ཐུབ་པར་མ་ཟད་རྒས་འགོག་གཞོན་ཉམས་རྒྱས་པར་ཡང་ཕན། དེ་ནི་གནད་དོན་གཙོ་བོ་ཞིག་ཡིན། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན་ཚིལ་ཞག་གི་བསྡུ་ལེན་ཚད་གཞི་ནི་སྤྱིའི་དྲོད་བཅུད་ཀྱི་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་ཉེར་ལྔ་ཙམ་ཡིན། འོན་ཀྱང་མིག་སྔའི་མཐོ་སྒང་ས་ཁུལ་གྱི་བུད་མེད་རྒན་དར་མང་ཤོས་ཤིག་བརྒྱ་ཆའི་སུམ་ཅུ་ལས་བརྒལ་འདུག་པ་རེད། ཚན་རིག་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། བུད་མེད་རྒན་དར་རྣམས་ཀྱིས་ཚིལ་ཞག་བསྡུ་ལེན་བྱས་པ་ཚད་ལས་བརྒལ་ཚེ། ཚིལ་རྒྱུ་དབྱང་འགྱུར་རྫས་ཞེས་པ་ཞིག་མང་དུ་བསྐྱེད་སླ་བ་དང་། དབྱང་གི་རང་དབང་རྒྱུ་ཟེར་བ་ཞིག་ཀྱང་མང་དུ་བསྐྱེད་དེ། དེས་སྤྱི་པགས་ཀྱི་བཅུད་འཆོར་བར་བྱེད་ཅིང་བསམ་སེའུ་ཡི་བྱེད་ལས་ཉམས་པར་བྱེད། མཚན་མའི་སྐུལ་རྒྱུའི་ལྡིང་ཚད་འཁྲུག་པ་དང་བུད་མེད་ཀྱི་སྐུལ་རྒྱུ་ཇེ་ཉུང་དུ་གཏོང་བ། དེ་མིན་ལུས་ཕུང་གི་འགུལ་སྐྱོད་ནུས་པ་ཇེ་ཞན་དུ་གཏོང་བ་བཅས་ཀྱིས་བྱ་བ་དང་འཚོ་བར་བར་ཆད་བཟོ་བ་ཡིན།

སྲོག་ཆགས་ཀྱི་ཚིལ་ཞག་སྤྱོད་སྐབས། ཆ་རྐྱེན་གྱིས་འདང་ན་ངང་བ་དང་བྱ་གག་སོགས་ཀྱི་ཚིལ་ཞག་བཟང་སྟེ། དེའི་རྫས་འགྱུར་གྲུབ་ཚུལ་ནི་རྒྱ་ཨར་གྱི་སྣུམ་དང་འདྲ་བས། ཟོས་ན་གནོད་པ་མེད་པར་མ་ཟད་སྙིང་ལའང་ཕན། གལ་ཏེ་བྱ་རིགས་ཀྱི་ཤ་ཟ་བར་མི་ལོབས་ན་རི་བོང་གི་ཤ་ཟོས་ཀྱང་ཆོག་སྟེ། རི་བོང་གི་ཤ་ལ་མདངས་མཛེས་ཤིང་ཚོ་བྱང་བའི་ནུས་པ་ཡོད། འདབ་ཆགས་ཆམ་རིམས་ཀྱི་དབང་གིས་མི་རྣམས་བྱ་ཤ་ཟ་བར་སྐྲག་སྣང་སྐྱེ་བཞིན་ཡོད་ཀྱང་། དེའི་རིམས་ནད་ཀྱི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་། ལྷག་པར་ཞིང་སྡེ་ནས་གསོས་པའི་བྱ་ཤ་ལ་སྤྱིར་བཏང་དུ་གནོད་སྐྱོན་མེད། མཐོ་སྒང་གི་བུད་མེད་རྣམས་ལ་མཚོན་ན། ཞིང་སྡེ་ནས་གསོས་པའི་བྱ་ཤ་གདུས་ནས་ཁུ་བ་འཐུང་ན་ཤིན་ཏུ་ལེགས། དེ་ལས་མི་ལུས་ལ་འཚོ་བཅུད་ལེགས་པོ་མང་པོ་མཁོ་འདོན་བྱེད་ཐུབ་པར་མ་ཟད། མཐོ་སྒང་གི་བུད་མེད་ལ་ཁྲག་ཤེད་དམའ་བའི་དབང་གིས་ལུས་ཉོབ་ཤིང་སེམས་སྡུག་པའི་སྣང་བ་འབྱུང་དུས། དབྱར་རྩ་དགུན་འབུ་འགའ་རེ་བྱ་ཤ་དང་མཉམ་དུ་གདུས་ནས་འཐུངས་ན། ལུས་ཉོབ་ཤིང་སེམས་སྡུག་པའི་སྣང་བ་དེ་མ་ཐག་སེལ་ཐུབ། གཞན་ཡང་བྱ་ཤའི་ཁུ་བ་དང་ལྷག་པར་ཞིང་སྡེ་ནས་གསོས་པའི་བྱ་ཤའི་ཁུ་བ་འཐུངས་ན། མཐོ་སྒང་ས་ཁུལ་དུ་ཆམ་ནད་དང་ཆམ་རིམས། ཡང་ན་གློ་ཡུའི་གཉན་ཚད་སོགས་འགོག་བཅོས་བྱེད་པར་བྱེད་ནུས་ཁྱད་པར་ཅན་ཐོན་པ་ཡིན། སྐབས་རེར་སྨན་རྫས་ཀྱི་གསོ་བཅོས་ལས་ཀྱང་ལྷག ངོ་མདངས་སེར་པོ་དང་སྨུག་པོར་འགྱུར་བའམ། ཡང་ན་ཁྲག་ཟད་མདངས་སྐྱའི་རྟགས་འབྱུང་བའི་བུད་མེད་རྣམས་ལ་མཚོན་ན། ཀྲོ་མ་ཀྲུ་གཙང་མ་དང་སྐམས་ཤ་གསར་བས་ཚོད་མ་བརྔོས་པ་ལ་བྲོ་ལྡན་མདོག་ཡག་གི་ཁྱད་ཆོས་ལྡན་པར་མ་ཟད། སྤྲི་དཀར་ཕུན་སུམ་ཚོགས་པའི་སྐམས་ཤ་ཀྲོ་མ་ཀྲི་དང་ལེགས་པར་བསྡེབས་ཚེ། འཚོ་བཅུད་མདོག་རྒྱུ་སྣ་མང་གི་ནུས་པ་འཆོར་མི་སྲིད་པས། མཐོ་སྒང་ས་ཁུལ་གྱི་ངོ་མདངས་མི་བཟང་བའི་བུད་མེད་ཀྱིས་བསྟེན་ན་དེས་ངོ་མདངས་ཇེ་ཡག་ཏུ་གཏོང་ཐུབ་པར་མ་ཟད་སྤྱི་པགས་ཀྱི་ལྡེམ་ཤུགས་ཇེ་དྲག་ཏུ་གཏོང་ཐུབ་ལ། ལུས་སྟོབས་ཀྱང་རྒྱས་པར་བྱེད་པ་ཡིན།

གཉིས་པ། འཚོ་བཅུད་བསྡུ་ལེན་བྱེད་པར་མཐོང་ཆེན་བྱ་དགོས།

འཚོ་བཅུད་རང་སྟེང་ནས་དྲོད་བཅུད་ཅི་ཡང་བསྐྱེད་མི་སྲིད་ཀྱང་། དེ་ནི་མི་ལུས་ཀྱི་སྐྱེ་ལུགས་བྱེད་ལས་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཐོ་སྒང་གི་མིའི་བཟའ་བཏུང་གོམས་སྲོལ་དང་ཡང་ན་དེང་རབས་གྲོང་ཁྱེར་གྱི་བུད་མེད་རྣམས་བྱ་བར་བྲེལ་འཚུབ་ཆེ་བ། གྲོང་ཁྱེར་དང་ཐག་རིང་བ་བཅས་ཀྱི་རྐྱེན་པས་བཟའ་བཏུང་ནང་གི་འཚོ་བཅུད་ཁ་གསབ་བྱེད་པར་མཐོང་ཆེན་བྱེད་ཀྱིན་མེད། ལྷག་པར་ཀླད་པ་དང་དབང་རྩའི་བརྗེ་ཚབ་དང་འབྲེལ་བའི་འཚོ་བཅུད་དེ། དཔེར་ན་འཚོ་བཅུདB1དངB6སོགས་ལྟ་བུ། མཐོ་སྒང་གི་ལོ་ཏོག་ནས་དང་གྲོ་ཆག་གི་ནང་དུ་འཚོ་བཅུད་དེའི་རིགས་ཕུན་སུམ་ཚོགས་པོ་ཡོད་ལ། རྒྱུན་དུ་ནས་སམ་གྲོ་ཆག་ཟས་རིགས་བསྟེན་ན་ཅུང་བཟང་། ཕྱི་རྒྱལ་གྱི་ཞིབ་འཇུག་ཁ་ཤས་ལྟར་ན། ཞོགས་པར་གྲོ་ཆག་གི་ཕྱེ་ཐུག་འཐུང་ན་ཡིད་འཛིན་ནུས་པ་དང་ལུས་སྟོབས་གསོ་བར་ཕན་ལ། སློབ་སྦྱོང་གི་ནུས་པ་དང་ལས་སྒྲུབ་ཀྱི་ནུས་པ་ཡང་ཇེ་མཐོར་གཏོང་ཐུབ་པར་བཤད། གཞན་དབྱང་འགྱུར་འགོག་པའི་འཚོ་བཅུད་དེ། དཔེར་ན་འཚོ་བཅུདEདང་འཚོ་བཅུདC སོགས་ལ་རྒས་འགོག་མདངས་རྒྱས་ཀྱི་བྱེད་ནུས་ལྡན་པར་མ་ཟད། ལས་སྒྲུབ་ཀྱི་ནུས་པ་དང་ལས་ཕྱོད་ཇེ་མཐོར་གཏོང་བའི་བྱེད་ནུས་ཀྱང་ལྡན། འཚོ་རྒྱུ་དེ་རིགས་ཤིང་ཏོག་དང་སྔོ་ཚོད་གསར་བའི་རིགས་ཀྱི་ནང་དུའང་ཕུན་སུམ་ཚོགས་པོ་ཡོད། མཐོ་སྒང་གི་འཚོ་བའི་ཆ་རྐྱེན་གྱི་དབང་གིས་བཟའ་བཏུང་ལས་འཚོ་བཅུད་འདང་ཚད་ཅིག་བསྡུ་ལེན་བྱེད་ཐབས་བྲལ་ན། སྨན་རྫས་དང་ཁམས་གསོའི་རིགས་ཀྱི་འཚོ་བཅུད་ཁ་གསབ་རྫས་སྟེར་ཆོག་ལ། དེས་ཀྱང་ལུས་པོའི་འཚོ་བཅུད་སྙོམས་པར་བྱེད་ནུས་པ་ཡིན།

གསུམ་པ། གཏེར་རྫས་ཀྱི་རིགས་བསྡུ་ལེན་བྱེད་པར་ཡང་མཐོང་ཆེན་བྱེད་དགོས།

བུད་མེད་ཀྱི་སྐྱེ་ལུགས་སྣང་ཚུལ་ཁྱད་པར་ཅན་ཡིན་པས། ལུས་པོའི་གཏེར་རྫས་འཚོ་བཅུད་སྣ་ཚོགས་འཆོར་སླ། དཔེར་ན་བུད་མེད་ལ་ཟླ་མཚན་འབབ་པ་དང་བསྟུན་ནས་ཕྲ་ཕུང་དམར་པོ་ཡང་མི་ཉུང་བ་ཞིག་འཆོར་གྱིན་ཡོད་ལ། དུས་མཚུངས་སུ་ལུས་སྟེང་གི་ལྕགས་དང་ཀལ། ཏི་ཚ་སོགས་གཏེར་རྫས་ཀྱི་རིགས་ཀྱང་འཆོར་གྱིན་ཡོད།། མཐོ་སྒང་གི་བུད་མེད་ལ་སྐབས་རེར་གྲང་ཞིང་འཁྱག་ལ་དབྱང་དབུགས་ཉུང་བའི་ཁོར་ཡུག་གིས་གཙེས་ཏེ་ལུས་ཁམས་ཀྱི་ནང་གི་ཟགས་ཐོན་འཁྲུགས་སླ་བ་དང་། ཟླ་མཚན་མང་པོ་འབབ་པ་དང་འབབ་མཚམས་མང་བ་སོགས་འབྱུང་བས། བུད་མེད་ཁ་ཤས་ལ་གཏེར་རྫས་ཤོར་བའི་གནས་ཚུལ་འབྱུང་བ་ཡིན། དེ་བས་ཟླ་མཚན་རྒྱུན་ལྡན་ཡིན་པ་དང་ཡང་ན་ཟླ་མཚན་མང་པོ་འབབ་པ་གང་ལྟར་ཡང་མཐོ་སྒང་གི་བུད་མེད་དག་གིས་ཟླ་མཚན་འབབ་དུས་དང་ཟླ་མཚན་བབས་རྗེས་གང་ཡིན་རུང་ལྕགས་དང་མའེ། ཏི་ཚ། ཀལ། ཅཱ་སོགས་གཏེར་རྫས་འདུས་པའི་ཟས་རིགས་བསྟེན་འོས་ལ། དེས་ལུས་ཉོབ་པ་དང་སེམས་སྡུག་པའི་སྣང་བ་སེལ་བའི་ནུས་པ་ཐོན་པར་མ་ཟད། ཀླད་ཤུགས་ངལ་རྩོལ་གྱི་ལས་ཕྱོད་ཇེ་མཐོར་གཏོང་ཐུབ་ལ་རང་ཉིད་ཀྱི་བཞིན་མདངས་ཀྱང་ཇེ་ལེགས་སུ་གཏོང་ཐུབ་པས། མི་ཡང་སྟོབས་ཤུགས་དང་སྤྲོ་སྣང་གིས་ཁེངས་པ་ཞིག་ཏུ་འགྱུར་སྲིད། དཔེར་ན་འོ་མ་དང་སྲན་ཁུ། ཡང་ན་སྲན་རིགས་ཁ་ཟས་དང་སྲོག་ཆགས་ཀྱི་མཆིན་པ། ཤ་སྣག་བཅས་མང་ཙམ་བསྟེན་ན་ཀལ་དང་ལྕགས་ཁ་གསབ་བྱེད་ཐུབ་ལ་པོ་ཚལ་གྱིས་མའེ་དང་ངང་ལག་གི་ཅཱ་ཁ་གསབ་བྱེད་ཐུབ།

བཞི་པ། ཨན་གཞི་སྐྱུར་བསྡུ་ལེན་བྱེད་པར་མཐོང་ཆེན་བྱ་དགོས། མཐོ་སྒང་གི་བུད་མེད་ལས་བྱེད་པ་མང་ཤོས་ནི་ཀླད་ཤུགས་ངལ་རྩོལ་པ་ཡིན་པས། ཀླད་པའི་དབང་རྩ་གསོ་བར་ཕན་པའི་ཨན་གཞི་སྐྱུར་བསྡུ་ལེན་བྱེད་པར་ལྷག་ཏུ་མཐོང་ཆེན་བྱ་དགོས། གསོ་རིག་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། ཀླད་པའི་ཕུང་གྲུབ་ཀྱི་ནང་ལོགས་སུ་གྱེས་པའི་ཨན་གཞི་སྐྱུར་ལས་འདུས་ཚད་ཆེས་མཐོ་བ་ནི་ཀུའུ་ཨན་སྐྱུར་ཡིན་ལ། དེ་ནས་རིམ་བཞིན་གི་ཝང་སྐྱུར་དང་ཕྱུར་ཨན་སྐྱུར། ཐེན་མིན་ཏོན་ཨན་སྐྱུར་བཅས་ཡིན། གལ་ཏེ་དེ་དག་བསྡུ་ལེན་བྱས་པ་མ་འདང་བའམ་ཡང་ན་ཆད་སྐྱོན་བྱུང་ཚེ། མིའི་རིག་པ་ཇེ་རྟུལ་དུ་འགྲོ་བ་དང་ཡིད་འཛིན་དང་ལས་སྒྲུབ་ཀྱི་ནུས་པའང་ཇེ་ཞན་དུ་འགྲོ་བ་ཡིན། དེ་བས་སྲན་མའི་རིགས་དང་ཏིལ། དེ་མིན་ཉ་རིགས་སོགས་འོས་འཚམ་གྱིས་མང་ཙམ་བསྟེན་ན་མཐོ་སྒང་གི་བུད་མེད་རྒན་དར་རྣམས་ཀྱི་རིག་པ་གསལ་བོ་དང་བློ་རྩེ་གྲིམ་པོ་ཡོང་བར་ཕན་པ་ཆེ།

ལྔ་བ། ཚྭ་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་བྱ་དགོས།

མཐོ་སྒང་ས་ཁུལ་གྱི་མི་རིགས་སོ་སོའི་གོམས་སྲོལ་ནི་གནའི་ཀྲུང་གོ་བྱང་ཕྱོགས་ཀྱི་གོམས་སྲོལ་དང་འདྲ་བར། ཚྭ་ནི་ལུས་སྟོབས་རྒྱས་བྱེད་ཅིག་ཡིན་པར་འདོད་ལ། སྔོན་གྱི་རྩོམ་རིག་བརྩམས་ཆོས་སུ་ཚྭ་མ་ཟོས་ན་ལུས་སྟོབས་མེད་པར་བཤད་པ་མང་སྟེ། དཔེར་ན། དམར་དམག་གིས་ཚྭ་མ་ཟོས་ན་གཡུལ་ལས་རྒྱལ་དཀའ་ཟེར་བ་སོགས་ལྟ་བུ། དོན་གྱིས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། མཐོ་སྒང་གི་མིས་འོ་ཇ་དང་དཀྲུགས་ཇ་སོགས་འཐུངས་ནས་ཚྭ་མང་པོ་བསྡུ་ལེན་བྱས་ཡོད་ལ། ཆེད་མཁས་པས་བདེན་དཔང་བྱས་པ་ལྟར་ན། མཐོ་སྒང་གི་མི་རྣམས་ཀྱིས་ཚྭ་བསྡུ་ལེན་བྱས་པ་ལུས་པོའི་དགོས་མཁོ་ལས་ལྡབ་ལྔ་ཡིས་བརྒལ་ཡོད་པར་བཤད། གསོ་རིག་ལས་བདེན་དཔང་བྱས་པ་ལྟར་ན་ཡང་། ཚྭ་ཚད་ལས་བརྒལ་བས་དབྱང་དབུགས་ལུས་པོའི་ཕྲ་ཕུང་གི་ནང་དུ་འདྲེས་པར་འགོག་རྐྱེན་བཟོ་བཞིན་ཡོད་པས། མ་གཞི་ནས་དབྱང་དབུགས་ཉུང་བའི་ཁར་ཕྲ་ཕུང་གི་སྟེང་ནས་ཀྱང་དབྱང་དབུགས་ཇེ་ཉུང་དུ་བཏང་བའི་མཇུག་འབྲས་དེ་བསྐྱེད་ཅིང་། དེས་ཐད་ཀར་ཕྲ་ཕུང་རྒས་པ་དང་འཆི་བ་སོགས་བསྐྱེད་ནས་ལུས་པོ་ཡང་རྒས་མ་རན་གོང་རྒ་བར་བྱེད། ཚད་ལས་འདས་པའི་ཚྭ་ཡིས་མིའི་སྐྱིའི་པགས་དང་འབྱར་སྐྱིའི་དྲོད་ཚད་ཇེ་མཐོར་གཏོང་བ་དང་། སྐྱེ་དངོས་ཕྲ་རབ་སྣ་ཚོགས་ཀྱི་འབྱར་སྐྱིའི་སྟེང་ནས་རྒྱུད་འཕེལ་བ་དང་འཚར་སྐྱེ་འབྱུང་བར་བྱས་པས། སྐྱི་པགས་ཀྱི་འབྱར་སྐྱི་ལ་གནོད་འཚེ་བཟོས་ཤིང་རྩུབ་རགས་རྒས་ཉམས་མངོན་པར་འགྱུར། དེ་བས་ཚད་ལས་འདས་པའི་ཚྭ་ནི་མཐོ་སྒང་གི་བུད་མེད་རྒན་དར་རྣམས་ཀྱི་བཞིན་མདངས་ལ་གནོད་པའི་དགྲ་བོ་ཞིག་ཡིན། དེ་མིན་ཚད་ལས་འདས་པའི་ཚྭ་ཡིས་ཕོ་རྒྱུའི་བད་ཀན་བསྐྱེད་པ་ནི་མཐོ་སྒང་པར་ཕོ་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན། དེ་བས་ཚྭ་ཉུང་བའི་བཟའ་བཏུང་ལ་གོམས་པར་བྱེད་རྒྱུ་ནི་བདེ་ཐང་ཡོང་བའི་རྩ་དོན་གལ་ཆེན་ཞིག་ཡིན།

མཐོ་སྒང་གི་བུད་མེད་རྒན་དར་རྣམས་ནི་ས་ཁམས་ཁོར་ཡུག་ཁྱད་པར་ཅན་དུ་འཚོ་གནས་བྱས་ཡོད་པས། ཁོ་མོ་ཚོའི་རྒས་འགོག་མདངས་མཛེས་དང་ལུས་ཕུང་བདེ་ཐང་གི་ཆེད་དུ་ངེས་པར་གོང་གི་རྩ་དོན་དེ་ལྔ་བོར་མཉམ་འཇོག་བྱ་དགོས།།

རྩོམ་སྒྲིག་པ། འབྲུག་མོ།