དགུན་ཁའི་ལུས་ཁམས་གསོ་ཐབས།
2023.02.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

གཅིག སྔ་མོར་ཉལ་བ།

ཆེས་སྟབས་བདེ་བ་དང་ཆེས་རིན་གོང་དམའ་བ། ཆེས་ཕན་ནུས་མཐོ་བའི་ལུས་ཁམས་གསོ་ཐབས་ནི་སྔ་མོར་ཉལ་ནས་ངལ་གསོ་རྒྱུ་དེ་ཡིན་པས། དགོང་མོའི་དུས་ཚོད་བཅུ་གཅིག་གི་སྔོན་ལ་ངེས་པར་དུ་ཉལ་དགོས། ཆེད་མཁས་པས་བཤད་པ་ལྟར་ན། དགུན་ཁར་རང་བྱུང་ཁམས་ཀྱི་དངོས་པོ་ཡོད་དོ་ཅོག་ངལ་གསོའི་གནས་སུ་ལུས་ཡོད་པ་ནང་བཞིན། དུས་ཚོད་བཅུ་གཅིག་ནི་ལུས་པོའི་དགུན་ཁ་ལྟ་བུ་ཡིན་པས། མིའི་ལུས་པོའང་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྔོན་དུ་གཉིད་ལ་རོལ་དགོས། དེ་ལྟར་བྱས་ན་ད་གཟོད་ཕོ་རླུང་ཁོག་ལ་བསྡུས་ཏེ། རྣམ་རིག་རྒྱས་ཤིང་ལུས་པོ་བདེ་ཐང་ཡོང་།

གཉིས། ཞོགས་ཟས་ལེགས་པོར་སྤྱོད་པ།

ཞོགས་པར་འཚོ་བཅུད་ཕུན་སུམ་ཚོགས་ཤིང་ནུས་ཚད་མཐོ་བའི་ཟས་རིགས་བསྟེན་དགོས། ཞོགས་ཟས་ལེགས་པོར་སྤྱད་ན། ད་གཟོད་ཉིན་གང་བོར་མཁོ་བའི་ནུས་ཚད་ལ་ཁག་ཐེག་བྱེད་ཐུབ། དགོང་ཟས་ཟོས་རྗེས་འགུལ་སྐྱོད་མང་པོ་བྱེད་མི་དགོས་པས། ཟས་རིགས་ཉུང་དུ་བསྟེན་དགོས་པར་མ་ཟད། འབྲས་ཐུག་སླ་མོ་སོགས་འཇུ་སླ་བའི་ཟས་རིགས་བསྟེན་ན་བཟང་། དགོང་ཟས་འབྲས་ཐུག་སླ་མོ་འཐུང་ན་བློ་བདེ་བག་ཕེབས་ཡོང་བར་ཕན།

གསུམ། རྐང་ལག་འགུལ་སྐྱོད་བྱེད་པ།

དགུན་ཁར་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་འོས་འཚམ་བྱས་ན། རྙིང་ཚབ་གསར་བརྗེའི་བྱེད་ནུས་སྙོམས་སྒྲིག་ཡོང་བར་ཕན་པ་རེད། དགུན་ཚུགས་པ་དང་བསྟུན་ནས་གནམ་གཤིས་ཀྱང་རིམ་གྱིས་ཇེ་འཁྱག་ཏུ་སོང་བས་རྐང་ལག་རེངས་པོར་གྱུར་ཡོད། དེ་བས་ལུས་སྦྱོང་མ་བྱས་པའི་སྔོན་ལ་ངེས་པར་དུ་ལུས་པོ་དྲོས་སུ་འཇུག་དགོས། སྔོན་ལ་ལུས་སྦྱོང་ཡང་མོ་བྱས་ནས་ལུས་པོ་དྲོས་སུ་བཅུག་རྗེས་ད་གཟོད་རྒྱུན་ལྡན་ལྟར་ལུས་སྦྱོང་བྱེད་པ་དང་། ལུས་སྦྱོང་བྱས་ཚར་མ་ཐག་མྱུར་དུ་ལྭ་བ་གོན་ནས་དྲོས་འཁྱག་ཏུ་འགྲོ་བར་གཟབ་དགོས།

བཞི། ཚྭ་ཉུང་དུ་བསྟེན་པ།

དགུན་ཁ་ནི་མཁལ་མར་སྟོབས་ཤུགས་རྒྱས་པའི་དུས་ཡིན་པས། ཚྭ་བསྟེན་ཚད་མཐོ་ན་མ་གཞི་ནས་ངར་ཤུགས་རྒྱས་པའི་མཁལ་ཆུ་སྔར་བས་རྒྱས་ཏེ་སྙིང་ལ་གནོད་པ་ཐེབས་པ་དང་། སྙིང་གི་བྱེད་ནུས་ཇེ་ཞན་དུ་སོང་ན་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པས། དགུན་ཁར་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་ཉུང་བསྟེན་བྱེད་དགོས་པ་དང་། རོ་ཁ་བའི་རིགས་མང་དུ་ཟོས་ན་སྙིང་ཁམས་གསོ་བ་དང་མཁལ་མའི་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ།

ལྔ། སྐེ་དང་སྒལ་བ།གསུས་པ། རྐང་བ་བཅས་འཁྱག་ཏུ་འཇུག་མི་རུང་།

གནས་འདི་དག་ནི་དགུན་ཁར་ནད་འབྱུང་སླ་བའི་གནས་རེད། སྐེ་འཁྱག་ན་མགོ་བོ་དང་སྐེ་ཚིགས་ན་བའི་སྣང་ཚུལ་འབྱུང་ལ། སྒལ་བ་འཁྱག་ན་ཧབ་སྦྲིད་རྒྱག་པ་དང་སྣ་འགག་པ་སོགས་ཆམ་རིམས་ཀྱི་ནད་རྟགས་འབྱུང་ཞིང་། གསུས་ཁོག་ནི་བུད་མེད་རྣམས་ཀྱིས་དྲོན་པོར་བསྲུང་དགོས་པའི་གནས་གལ་ཆེན་ཞིག་ཡིན། གསུས་ཁོག་འཁྱག་ན་ཟླ་མཚན་མི་སྙོམས་པ་དང་ཟླ་མཚན་འབབ་དུས་ན་ཟུག་སྐྱེས་པ་སོགས་ཀྱི་སྣང་ཚུལ་འབྱུང་། རྐང་པའི་སྟེང་དུ་གསང་མིག་མང་པོ་ཡོད་པས། རྐང་པ་འཁྱག་ན་ལུས་པོར་རང་བཞིན་གྱིས་གནད་དོན་མང་པོ་འབྱུང་སྲིད།

དྲུག ཁྲུས་བྱེད་པའི་དུས་ཡུན་རིང་མི་རུང་།

དགུན་ཁར་ཁྲུས་བྱེད་པའི་དུས་ཡུན་རིང་དྲག་ན་སྐྱི་པགས་སྐམ་པོར་གྱུར་ཏེ་ཟ་འཕྲུག་ལངས་པར་མ་ཟད། སྐྱི་པགས་སྟེང་གི་ཆུ་ཤོར་ཏེ་གཉེར་མ་འབྱུང་སླ། དེ་བས་དགུན་ཁར་ཁྲུས་བྱེད་སྐབས་དུས་ཚོད་སྐར་མ་ཉི་ཤུ་ནི་ཆེས་བཟང་བ་ཡིན། མི་མང་པོ་ཞིག་ཆུ་དྲོན་མོའི་ནང་དུ་སྦང་རྒྱུར་དགའ་ཞིང་ལྷག་པར་དུ་བུད་མེད་རྣམས་ཆུ་དྲོན་མོའི་ནང་དུ་སྦང་ནས་ལུས་སྟེང་གི་ཤི་པགས་ལེན་རྒྱུར་ཤིན་ཏུ་དགའ། ཡིན་ཡང་ཁྲུས་ཆུ་ཡི་དྲོད་ཚད་མཐོ་དྲག་ན་སྐྱི་པགས་ལ་གནོད་འཚེ་ཐེབས་པ་དང་། ཁྲག་རྩ་ཕྲ་མོ་རྒྱས་ཏེ་སྐྱི་པགས་སྐམ་པའི་ཚད་ཇེ་མགྱོགས་སུ་འགྲོ་བས། ཁྲུས་ཆུ་ཏུའུ་ཉེར་བཞི་ནས་ཉེར་དགུའི་བར་ཡིན་ན་ཆེས་བཟང་བའོ།།

རྩོམ་སྒྲིག་པ། འབྲུག་མོ།