བྱ་བའི་ཁྲོད་ཀྱི་སེམས་ཁམས་མི་ལེགས་པ་ཇི་ལྟར་འདོར་དགོས།
2023.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

རྒྱུན་དུ་སེམས་ཁམས་མི་སྐྱིད་པ་བྱུང་ན་འབྲེལ་ཡོད་ཀྱི་ནད་རིགས་མང་པོ་སློང་སྲིད། བྱ་བའི་ལས་གནས་དང་བྱ་བའི་འབྲེལ་འདྲིས་ཁྲོད་མི་ལ་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འབྱུང་མོད། འོན་ཀྱང་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་འབྱུང་སྐབས་ང་ཚོས་དེ་ལ་རྣམ་འགྱུར་བཟང་པོ་བཟུང་ནས་ཧུར་ཐག་གིས་གདོང་གཏོད་དགོས།

གཅིག འཁང་ར་བྱེད་པ།

བྱ་བའི་ཁྲོད་དུ་མཚམས་རེར་ལས་ཀ་མང་ཞིང་ལས་ཆོད་དལ་བའི་གནད་དོན་འབྱུང་ལ། སྐབས་དེར་སེམས་ཁམས་མི་སྐྱིད་པ་དང་ཁོང་ཁྲོ་ལངས་སླ་བའི་གནས་ཚུལ་འབྱུང་བ་རེད།

ཡིན་ནའང་ཁྱོད་ཀྱིས་ཤེས་དགོས་པ་ཞིག་ནི། མི་སུ་དང་སུ་ཞིག་ཡིན་རུང་གཞན་གྱི་སེམས་ཁམས་མི་ལེགས་པ་དེ་དང་ལེན་བྱེད་མི་འདོད་པས། སེམས་ཁམས་མི་ལེགས་པས་མཐའ་འཁོར་གྱི་མི་ལ་ངན་ཤུགས་ཐེབས་སྲིད།

བྱ་བའི་ཁྲོད་དཀའ་ཁག་དང་སུན་སྣང་འབྱུང་བ་ནི་རྒྱུན་ལྡན་ཡིན་པས། རང་ཉིད་ཀྱིས་སེལ་ཐབས་བྱེད་དགོས་ལ། དཀའ་ཁག་དང་འཕྲད་ཚེ་ཐག་གཅོད་བྱེད་ཤེས་དགོས།

གཉིས་པ། སྒྱིད་ལུག་པ།

མི་ལ་ལར་རྒྱུན་དུ“ཀུང་སི་ལ་གནད་དོན་ཞིག་བྱུང་འདུག”“ལས་ཀ་འདི་ལས་པར་བཟང་ཆ་གང་ཡང་མི་འདུག”“བྱ་བར་འགྲུབ་པའི་དུས་ཤིག་མེད་པས། མ་ལས་ན་ཅི་འདྲ”ལ་སོགས་པའི་སྒྱིད་ལུག་གི་སེམས་ཁམས་སྣ་ཚོགས་འབྱུང་སྲིད།

ཚོགས་པ་ཞིག་གི་ནང་དུ་ལྡོག་ཕྱོགས་ཀྱི་ནུས་པ་ཁོ་ན་ལས་མེད་པའི་ལས་གྲོགས་ཤིག་ཡོད་ཚེ། དེ་ནི་ཚང་མའི་ཡིད་ཆེས་འཇོམས་པའི་དུག་སྨན་དུ་འགྱུར་བ་དང་། ཚང་མས་ལས་ཀ་གང་ཞིག་གི་ཆེད་དུ་བརྩོན་སེམས་ཆེན་པོ་བཅངས་པའི་སྐབས་སུ། ལྡོག་ཕྱོགས་ཀྱི་ནུས་པ་ལས་མེད་པའི་མི་དེས་ལས་ཀ་བསྒྲུབ་པར་འགོར་འགྱངས་བཟོ་སླ།

མི་གང་ཞིག་གིས་ཁྱོད་ཀྱིས་སྒྲུབ་ཀྱིན་པའི་བྱ་བ་ཡོད་ཚད་ལ་དོགས་འདྲི་བྱེད་ཅིང་། བྱ་བའི་མདུན་ལྗོངས་ལ་སེམས་ཁྲལ་གྱིས་ཁེངས་པའི་རྣམ་འགྱུར་སྟོན་སྐབས། ཁྱེད་རང་མྱུར་དུ་མི་དེ་དང་རིང་དུ་གྱེས་རོགས།

གསུམ་པ། ལེ་ལོ་དང་འགོར་འགྱངས་བྱེད་པ།

ཧུར་བརྩོན་བྱེད་པ་ནི་བྱ་བ་གང་ཞིག་སྒྲུབ་པའི་མ་མཐའི་ཆ་རྐྱེན་ཡིན། རྒྱུ་མཚན་ནི་ལེ་ལོ་ལ་གོམས་ན། བྱ་བར་འགོར་འགྱངས་ཐེབས་པ་དང་། ཁྱོད་ཀྱི་བྱ་བ་སྒྲུབ་པར་བར་ཆད་བཟོས་ཏེ། གཏན་འཁེལ་གྱི་དུས་ཡུན་ནང་ལེགས་འགྲུབ་འབྱུང་དཀའ།

ལེ་ལོ་དང་འགོར་འགྱངས་བྱེད་པའི་གོམས་གཤིས་དེ་ཆགས་ཟིན་ན། བསྒྱུར་བཅོས་བྱེད་རྒྱུ་ཧ་ཅང་དཀའ་བས། ཚོགས་པའི་བྱ་བའི་འཕེལ་རིམ་ལ་ངན་ཤུགས་ཐེབས་པར་མ་ཟད། མི་ལ་བརྩོན་སེམས་མེད་པར་གྱུར་ཏེ། སློབ་སྦྱོང་ལ་ཡར་བརྩོན་བྱེད་མི་འདོད་པ་དང་། མཇུག་མཐར་འགྲན་རྩོད་ནུས་པ་མེད་པར་གྱུར་ཏེ་སྤྱི་ཚོགས་ཀྱིས་འདོར་ངེས་རེད།

བཞི་བ། ངང་ཐུང་བྱེད་པ།

ངང་ཐུང་བྱེད་པ་ནི་ན་གཞོན་མང་པོ་ཞིག་ལ་ཐུན་མོང་དུ་མངའ་བའི་སྐྱོན་ཆ་རེད། ཁོ་ཚོས་རྒྱུན་དུ་བྱ་བ་གང་ཞིག་མགྱོགས་མྱུར་གྱིས་གྲུབ་སྟེ། མགྱོགས་མྱུར་གྱིས་མཇུག་འབྲས་མཐོང་བར་རེ་བ་བྱེད་ཀྱིན་ཡོད།

སེམས་ཁམས་དེའི་རིགས་ཡོད་པའི་མིས་གཞན་པར་བློ་གཏད་མི་རུང་བའི་ཚོར་སྣང་སྦྱིན་པར་མ་ཟད། ངང་ཐུང་ན་བྱ་བའི་ཁྲོད་ཞིབ་ཕྲར་དོ་སྣང་མི་བྱེད་པས་ནོར་འཁྲུལ་འབྱུང་སླ།

ལྔ། རང་དམན་གྱི་སེམས་ཁམས་ཡོད་པ།

རང་དམན་གྱི་སེམས་ཁམས་ནི་སྤྱིར་བཏང་གསར་དུ་བྱ་བར་ཞུགས་པའི་མིའི་ལུས་སྟེང་དུ་འབྱུང་སྲིད། སེམས་ཁམས་དེས་གཞན་པར་དོགས་སྣང་གིས་ཁེངས་ཏེ་ལས་འགན་ལྕི་མོ་ཕྲག་ཏུ་ལེན་མི་ཕོད་པ་དང་འགྲན་སློང་གསར་པར་གདོང་གཏོད་མི་ཕོད་པའི་ཚོར་སྣང་སྦྱིན་སྲིད།

འགོ་ཁྲིད་ལ་མཚོན་ན། རང་དམན་གྱིས་ཁྱོད་ལ་ནུས་པ་མེད་པ་མཚོན་ཡོད་པས། ཁྱོད་ལ་གཙིགས་མཐོང་བྱེད་མི་སྲིད་པ་དང་། ལས་གྲོགས་ལ་མཚོན་ན། རང་དམན་གྱིས་ཁྱོད་ནི་འགན་འཁྲི་འཁུར་མི་ཕོད་པའི་མི་ཞིག་ཡིན་པ་མཚོན་ཡོད།

དྲུག དོགས་སེམས་ཆེ་བ།

གཞན་གྱི་ལྟ་ཚུལ་ལ་དོ་སྣང་བྱེད་དྲག་པ་དང་། གཞན་གྱིས་རང་ཉིད་ལ་བཟུང་བའི་ལྟ་ཚུལ་ལ་དོགས་པ་ལངས་པ་ནི་རང་ཉིད་ཀྱིས་མཁྲེགས་བཟུང་བྱས་པའི་བསམ་པ་ཞིག་ཡིན། མི་རེ་རེར་རང་རང་གི་ལས་ཀ་རེ་ཡོད་པས། སུས་ཀྱང་ཁྱོད་ལ་དོ་སྣང་ཆེན་པོ་བྱེད་མི་སྲིད།

བྱ་བའི་ཁྲོད་ང་ཚོ་དཀའ་ཁག་དང་གནད་དོན་མང་པོར་འཕྲད་སྲིད་པས། སུས་སེམས་ཁམས་མི་ལེགས་པ་མགྱོགས་མྱུར་གྱིས་སྙོམ་སྒྲིག་བྱེད་ཐུབ་ན། དེ་ཉིད་འཚར་ལོངས་འབྱུང་ཚད་མགྱོགས་པ་རེད། དེ་བས་ང་ཚོས་དུས་རྒྱུན་གྱི་བྱ་བའི་ཁྲོད་གོང་དུ་བརྗོད་པའི་སེམས་ཁམས་མི་ལེགས་པ་དེ་དག་དུས་ཐོག་ཏུ་འདོར་ཅི་ཐུབ་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།