ལས་ཁུངས་སོ་སོས་ཉིན་རེར་སྐར་མ་བཅོ་ལྔའི་རིང་ལ་ལུས་སྦྱོང་བྱ་དགོས་པའི་བླང་བྱ་བཏོན།
2023.03.28 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 10

《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཧུར་ཐག་སྒོས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས། དོན་ལས་ལས་ཁུངས་བཅས་ཀྱི་ལས་བྱེད་ལས་བཟོ་པའི་ཁྲོད་དུ་ལུས་སྦྱོང་གི་ཚ་རླབས་ཤིག་འཕྱུར། ཉེ་ཆར། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ《ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ལམ་ལུགས་སྔར་བས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་དཔར་འགྲེམས་བྱས། རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ཁྱབ་གདལ་བཏང་སྟེ་དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་སྐྱེལ་སྟངས་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པའི་ལུས་ཕུང་བདེ་ཐང་གི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་མཐོ་སྒང་གི་ལུས་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་དང་བདེ་ཐང་མཚོ་སྔོན་བསྐྲུན་རྒྱུར་གསོན་ཤུགས་བསྣན་ཡོད།

གཅིག་སྟོང་དགུ་བརྒྱ་ང་གཅིག་ལོར་རླུང་འཕྲིན་ལུས་སྦྱོང་ཆ་ཚང་དང་པོ་ཁྱབ་བསྒྲགས་དང་ཁྱབ་གདལ་བཏང་བ་ནས་བཟུང་། རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ལམ་ལུགས་དེ་དམངས་ཡོངས་ཀྱི་ལུས་སྦྱོང་གི་བྱེད་ཐབས་དང་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ལུས་ཕུང་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏོང་བ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཐེངས་འདིར་ལས་ཁུངས་གསུམ་གྱིས་མཉམ་འབྲེལ་སྒོས་ཡིག་ཆ་སྤེལ་བ་དེ་ནི2019ལོར་ཞིང་ཆེན་ལུས་རྩལ་ཅུའུ་སོགས་ལས་ཁུངས་བདུན་གྱིས《ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རླུང་འཕྲིན་ལུས་སྦྱོང་ཁྱབ་གདལ་རྒྱ་ཁྱབ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་རྗེས། རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ལམ་ལུགས་ཁྱབ་གདལ་གཏོང་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་དེ་ཡིན།

ཡིག་ཆའི་ནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས་ཀྱིས་གཟའ་ཟླ་བ་ནས་གཟའ་པ་སངས་བར་ཉིན་རེར་སྐར་མ་བཅོ་ལྔ་བཀོད་སྒྲིག་བྱས་ནས་རླུང་འཕྲིན་ལུས་སྦྱོང་ཆ་ཚང་དགུ་པ་སོགས་ཕུལ་བྱུང་གི་སྲོལ་རྒྱུན་ལུས་སྦྱོང་བྱེད་ཐབས་བདམས་ཏེ། ལྟོས་བཅས་ཀྱིས་གཅིག་སྡུད་རྣམ་པའི་སྟེང་ནས་ལུས་སྦྱོང་བྱེད་སྒོ་སྤེལ་གྱིན་ཡོད། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་ཇེ་ཆེར་བཏང་ནས་འགན་འཁྲིའི་ཚན་པ་ཁ་གསལ་བཟོ་བ་དང་། ཆེད་མི་གཏན་འཁེལ་གྱིས་འགན་འཁུར་དུ་འཇུག་པ། ལག་ལེན་གྱི་ལས་ཀའི་འཆར་གཞི་བཟོས་ནས་རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ལམ་ལུགས་ཀྱི་བྱ་བ་ལག་བསྟར་བྱེད་པ། དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་སྣོན་པ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱ་རྒྱུ་དར་སྤེལ་བཏང་ནས། ཉིན་རེའི“འགྱུར་ལྡོག་ཆུང་ངུའི”ཐོག་ནས་བདེ་ཐང་ལ་ཕན་འདོགས་པའི“ཕན་འབྲས་ཆེན་པོ”ཐོབ་པར་བྱེད་པ་དང་། ལུས་རྩལ་སྦྱོང་བརྡར་ལ་བརྟེན་ནས་སྐྱོན་བྲལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོན་པར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་སྟེང་ཞུགས་པའི་ལས་ཕྱོད་ཇེ་ཆེར་བཏང་སྟེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ལུས་རྩལ་ལུས་སྦྱོང་གི་དགེ་མཚན་ནུས་པ་འདོན་སྤེལ་བྱེད་དགོས། ལས་བྱེད་ལས་བཟོ་པ་ཡོངས་ལུས་རྩལ་ལུས་སྦྱོང་ནང་ཞུགས་རྒྱུ་དང་ལུས་ཕུང་བདེ་ཐང་གཟི་བརྗིད་དུ་བརྩི་པའི་མི་སྒེར་ལ་འཕེལ་རྒྱས་ཀྱི་འདུ་ཤེས་ཡོད་པ་དང་། སྦྱོང་བརྡར་གྱི་སྤྲོ་སྣང་འཕེལ་བ་བྱས་ནས་ཚེ་གང་བོར་ལུས་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན།

ད་ལོ་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ད་དུང་སྣེ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་ལུས་སྦྱོང་དང་། ལས་ཀའི་བར་གྱི་ལུས་སྦྱོང་འགྲན་སྡུར་དང་འཁྲབ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་རླུང་འཕྲིན་ལུས་སྦྱོང་དང་ལས་ཀའི་བར་གྱི་ལུས་སྦྱོང་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་དཔྱད་དང་འགྲེམས་སྟོན་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་པ་བཟང་པོ་ཞིག་སྔར་བས་བཏོད་ནས་ཧུར་བརྩོན་ཡར་སྐྱེད་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་གཏོད་རྒྱུ་རེད།།

རྩོམ་སྒྲིག་པ། འབྲུག་མོ།