བྱིས་པའི་མིག་ཤེད་བདེ་ཐང་གི་སྐོར།
2023.03.28 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ། ཀློག་གྲངས། 9

གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཉེ་བའི་ལོ་ཤས་རིང་། གློག་རྡུལ་ཐོན་རྫས་ཁྱབ་གདལ་དུ་སོང་བས་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རྒྱང་སྒྲིབ་མིག་ནད་ཕོག་ཚད་ཇེ་མང་དུ་ཕྱིན་ཡོད་པ་དང་།  དེས་ཁྱིམ་བདག་མང་པོ་ཞིག་ལ་སེམས་ཁྲལ་ཆེན་པོ་བཟོ་བཞིན་ཡོད། བྱིས་པར་རྒྱང་སྒྲིབ་མིག་ནད་བྱུང་ཚེ། ཁྱིམ་བདག་མང་པོ་ཞིག་དངངས་འཚུབ་ལངས་རུང་། བྱེད་ཐབས་ནོར་བས་ཕན་ཐོགས་ཅི་ཡང་འབྱུང་ཐུབ་ཀྱིན་མེད། དེ་བས་གཤམ་དུ་ནོར་འཁྲུལ་ཅན་གྱི་བྱེད་སྟངས་འགའ་ངོ་སྤྲོད་ཅིག་བྱེད།  ཚང་མས་དོ་སྣང་བྱེད་རྒྱུའི་ཤིན་ཏུ་གལ།

ནོར་འཁྲུལ་དང་པོ། བྱིས་པ་སློབ་གྲྭར་སོང་རྗེས་ད་གཟོད་མིག་ཤེད་ལ་བརྟག་དཔྱད་བྱེད་པར་འདོད་པ།

ཁྱིམ་བདག་མང་པོས་བྱིས་པ་སློབ་ཆུང་དུ་སོང་རྗེས་མིག་བེད་སྤྱོད་མང་པོ་གཏོང་དགོས་པས། དེ་དུས་ད་གཟོད་མིག་ཤེད་ལ་བརྟག་དཔྱད་བྱེད་དགོས་པར་འདོད་ཀྱིན་ཡོད། དོན་དངོས་སུ་ལོ་གསུམ་གྱི་རྗེས་སུ། བྱིས་པས་མིག་ཤེད་འཇལ་བྱེད་ཀྱི་རེའུ་མིག་ལ་བལྟ་ཤེས་རྗེས་མང་ཆེ་བས་མིག་ཤེད་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱེད་ཐུབ་པས། མིག་ཤེད་ལ་ཐོག་མའི་ཞིབ་བཤེར་བྱེད་ཐུབ། དེས་ན། ཟླ་གསུམ་ནས་ལོ་ཕྱེད་ཀྱི་ནང་དུ་མིག་ཤེད་ལ་ཞིབ་བཤེར་ཐེངས་གཅིག་བྱེད་དགོས་པ་དང་། སློབ་གྲྭའམ་ཁྱིམ་བདག་གིས་ཚད་ལྡན་གྱི་མིག་ཤེད་འཇལ་བྱེད་ཀྱི་རེའུ་མིག་ཉོས་ཏེ་བར་ཐག་སྨི་ལྔ་བཞག་ནས་བྱིས་པར་ཤན་འབྱེད་བྱེད་དུ་བཅུག་ཆོག

དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། གལ་སྲིད་ཁྱིམ་བདག་གིས་བྱིས་པས་མིག་གསེག་ནས་ལྟ་བ་དང་། མགོ་འཁྱོག་ནས་ལྟ་བ། མིག་རུབ་ནས་ལྟ་བ། མིག་འཕུར་འཕུར་བྱེད་ཞོར་ལྟ་བའམ་ཡང་ན་བརྙན་འཕྲིན་དང་དཔེ་ཆར་བལྟ་སྐབས་བར་ཐག་ཤིན་ཏུ་ཉེ་དུས་དོགས་ཟོན་བྱེད་དགོས། དེ་དུས་ཕལ་ཆེར་མིག་ཤེད་ལ་སྐྱོན་ཤོར་ཡོད། ཁྱིམ་བདག་གིས་དུས་ཐོག་ཏུ་བྱིས་པ་ཁྲིད་ནས་ཚད་ལྡན་གྱི་སྨན་བཅོས་ཚན་ཁག་ཏུ་སོང་ནས་བྱིས་པར་ཀྱོག་འོད་འཚར་སྐྱེས་ཀྱི་ཡིག་ཚགས་བཟོ་དགོས། ཐོག་མར་ཞིབ་བཤེར་བྱེད་པའི་དུས་ཚོད་རབ་ཡིན་ན་ལོ་གསུམ་ལས་མི་བརྒལ་བར་བྱས་ཏེ། སྔ་མོ་ནས་མིག་ནད་དང་། ཀྱོག་འོད་རྒྱུན་ལྡན་མིན་པ་དཔེར་ན་རྒྱང་སྒྲིབ་དང་། འོད་འཐོར། ཚད་མཐོའི་ཉེ་སྒྲིབ། མིག་ཤེད་སྐྱོ་བ།  གཟི་ལོག་སོགས་བྱུང་ཡོད་མེད་གསལ་བོར་བརྟག་ཏེ། རྒྱང་སྒྲིབ་ཀྱི་འབྱུང་རྐྱེན་བཙལ་ནས་དུས་ཐོག་ཏུ་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་དང་། སྔ་མོ་ནས་ཐེ་གཏོགས་བྱེད་དགོས།

ནོར་འཁྲུལ་གཉིས་པ། ཏུའུ་གྲངས་མཐོ་པོ་མིན་ན་རྫུན་གཤིས་རྒྱང་སྒྲིབ་མིག་ནད་ཡིན་པར་འདོད་པ།

ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་མིག་རྒྱང་སྒྲིབ་རེད་ཟེར་བ་ཐོས་མ་ཐག “རྫུན་གཤིས་ཡིན་ནམ་བདེན་གཤིས་ཡིན”ཞེས་འདྲི་བཞིན་ཡོད། མི་མང་པོ་ཞིག་གིས་བྱིས་པ་ལོ་ན་ཆུང་ཞིང་ཏུའུ་གྲངས་ཀྱང་དམའ་བས་རྫུན་གཤིས་རྒྱང་སྒྲིབ་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། དོན་དངོས་སུ་རྫུན་གཤིས་རྒྱང་སྒྲིབ་ནི་བར་ཐག་ཉེ་པོས་མིག་སྤྱོད་དྲག་པ་དང་། མིག་གི་རྫི་དབྱིབས་ཤ་གྲིམ་སྙོམས་སྒྲིག་གྲིམ་འཁུམ་ལས་བྱུང་བའི་གནས་སྐབས་རང་བཞིན་གྱི་མིག་ཤེད་ཉམས་པ་ཡིན་པས། ངལ་གསོ་བའམ་ཡང་ན་རྫི་དབྱིབས་ཤ་གྲིམ་བེམ་སྦྲིད་རྫས་སྨན་ཆུ་མིག་ནང་གཏོར་ན། མིག་དབང་རྒྱུན་ལྡན་དུ་སླར་གསོ་བྱེད་ཐུབ། འོན་ཀྱང་རྒྱུན་ལྡན་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་དུས། མིག་གི་རྒྱལ་མོ་འདལ་བའི་འོད་བཤེར་བྱས་རྗེས། གལ་ཏེ་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཞིབ་བཤེར་བྱེད་ཐུབ་པ་ཡིན་ན། བྱིས་པ་ལོ་ན་ཆུང་ཞིང་ཏུའུ་གྲངས་དམའ་བ་གང་ཡིན་རུང་། གྲིམ་འཁུམ་རང་བཞིན་སྙོམས་སྒྲིག་བྱེད་པའི་རྫུན་གཤིས་རྒྱང་སྒྲིབ་མིན་པ་རེད།

དེའི་ཕྱིར། བྱིས་པའི་མིག་ཤེད་ཇེ་ཞན་དུ་སོང་བ་ཤེས་ན། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་སོང་ནས་མིག་གི་རྒྱལ་མོ་འདལ་བའི་འོད་བཤེར་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། མིག་གི་རྒྱལ་མོ་འདལ་བ་བརྒྱུད་རྫུན་གཤིས་རྒྱང་སྒྲིབ་ཡིན་མིན་ཤེས་ཐུབ་ཅིང་། བྱིས་པ་མང་ཆེ་བར་ཆུ་ཚོད་4-6གི་ནང་རང་འགུལ་སླར་གསོ་བྱེད་ཐུབ་པའི་མིག་གི་རྒྱལ་མོ་མྱུར་དུ་འདལ་བའི་འོད་བཤེར་བྱེད་ཐབས་གདམ་ཆོག

ནོར་འཁྲུལ་གསུམ་པ། རྒྱང་ལ་བལྟ་དུས་མིག་ཤེལ་གྱོན་པ་དང་ཉེ་སར་བལྟ་དུས་མིག་ཤེལ་གྱོན་མི་དགོས་པར་འདོད་པ།

རྒྱུན་ལྡན་གྱི་མིག་དང་མིག་ཤེལ་གྱོན་པའི་(ཏུའུ་གྲངས་འཚམ་པ)རྒྱང་སྒྲིབ་མིག་གིས་ཉེ་སར་བལྟ་དུས་མིག་འབྲས་ཀྱིས་སྙོམས་སྒྲིག་བྱེད་དགོས་པ་ཡིན། སྙོམས་སྒྲིག་བྱས་པ་བརྒྱུད་མིག་འབྲས་ཀྱི་དམིགས་རྒྱང་བསྒྱུར་ཏེ། འོད་ཐིག་དེ་རྒྱང་རིང་ནས་ང་ཚོས་མཐོང་བའི་བར་ཐག་ཉེ་བའི་དངོས་པོའི་ཐོག་ཏུ་སྤོས་ན། ད་གཟོད་གསལ་པོར་མཐོང་ཐུབ།

རྒྱང་སྒྲིབ་མིག་གིས་མིག་ཤེལ་མ་གྱོན་པའི་གནས་ཚུལ་འོག མིག་འབྲས་ཀྱི་དམིགས་རྒྱང་ཉེ་སར་ཡོད་པས། མིག་འབྲས་ཀྱིས་སྒྱིད་ལུག་སྒོས་སྙོམས་སྒྲིག་མ་བྱས་ནའང་གསལ་པོར་མཐོང་ཐུབ། འོན་ཀྱང་དུས་ཡུན་རིང་བོར་སྒྱིད་ལུག་བྱས་ན་མིག་འབྲས་ཀྱི་སྙོམས་སྒྲིག་བྱེད་ནུས་ཇེ་ཆུང་དུ་འགྲོ་བ་མ་ཟད། ད་དུང་མིག་འབྲས་ཀྱི་ནང་འདུས་ནུས་པར་ཤུགས་རྐྱེན་ཐེབས་སྲིད་པས། རྒྱུན་ལྡན་གྱི་རྣམ་པའི་འོག ཉེ་སར་བལྟ་དུས་མིག་ཟུང་གིས་ནང་དུ་ཚད་ངེས་ཅན་ཞིག་གི་སྒོ་ནས་ཆ་ལྟ་བྱེད་བཞིན་ཡོད། དེ་ལ་ནང་འདུས་ནུས་པ་ཟེར། སྨན་པས་མངག་བཀོད་བྱས་པའི་དམིགས་བསལ་གྱི་གནས་ཚུལ་འོག་མིག་ཤེལ་མ་གྱོན་ན་ཆོག་པ་ལས། དུས་ཚོད་གཞན་དག་གང་རུང་སྐབས་རྒྱང་སྒྲིབ་ཀྱི་བྱིས་པས་རྒྱང་རིང་དང་ཉེ་སར་བལྟ་དུས་མིག་ཤེལ་གྱོན་དགོས།

ནོར་འཁྲུལ་བཞི་པ། མིག་ཤེལ་གྱོན་ཡུན་ཇི་ཙམ་རིང་ན་རྒྱང་སྒྲིབ་ཀྱི་ཚད་གཞི་ཇེ་ཟབ་ཏུ་འགྲོ་ཚད་དེ་ལྟར་མགྱོགས་པར་འདོད་པ།

མིག་གི་རྒྱལ་མོ་འདལ་ཏེ་ཞིབ་བཤེར་ཐུབ་པའི་རྒྱང་སྒྲིབ་ངོ་མ་ནི་ཟློག་ཏུ་མི་རུང་བ་ཞིག་ཡིན། རྒྱང་སྒྲིབ་མང་ཆེ་བ་ནི་མིག་མདའ་འཕར་སྣོན་བྱུང་བའི་རྐྱེན་ཡིན་པ་དང་། འཚར་ལོངས་འབྱུང་བཞིན་པའི་བྱིས་པ་རྣམས་ནི་ཐེ་གཏོགས་མེད་པའི་གནས་ཚུལ་འོག མིག་མདའ་ནི་གཟུགས་པོ་སྐྱེ་འཚར་བྱུང་བ་དང་བསྟུན་ནས་མུ་མཐུད་དུ་ཇེ་ཆེར་འགྲོ་སྲིད་པས། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཇེ་དམའ་རུ་མི་འགྲོ་བ་མ་ཟད། དེ་ལས་ལྡོག་སྟེ་མུ་མཐུད་ཇེ་མཐོར་འགྲོ་སྲིད།

ང་ཚོས་འཚར་སྐྱེའི་མིག་འབྲས་ལྡོག་སྐྱེ་ཡོང་བ་བྱེད་མི་ཐུབ་པ་དེ། མི་གཟུགས་ཆེན་པོ་ཞིག་ཇེ་ཐུང་དུ་གཏོང་ཐབས་མེད་པ་དང་འདྲ་བ་ཡིན། དེར་བརྟེན། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཇེ་མཐོར་འགྲོ་བ་ནི་མིག་ཤེལ་གྱོན་པས་མིན། དེ་ལས་ལྡོག་སྟེ་མིག་ཤེལ་མ་གྱོན་ན་མིག་གི་ཁུར་པོ་ལྕི་རུ་འགྲོ་བས། མིག་ལ་ཤུགས་རྐྱེན་ཐེབས་ཚད་སྔར་བས་ཇེ་ཆེར་སོང་སྟེ་ཏུའུ་གྲངས་ཇེ་མཐོར་འགྲོ་སྲིད། དེའི་ཕྱིར། ཏུའུ་གྲངས་འོས་འཚམ་གྱི་མིག་ཤེལ་གྱོན་ནས་མིག་ཤེད་ལེགས་སྒྱུར་བྱེད་དགོས། མིག་མདའ་ཇེ་རིང་དུ་སོང་བ་དང་བསྟུན་ནས། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཇེ་མཐོར་འགྲོ་བཞིན་ཡོད་པས། དུས་ཐོག་ཏུ་འོས་འཚམ་གྱི་མིག་ཤེལ་བརྗེ་དགོས་ལ། ལོ་ཕྱེད་རེའི་ནང་དུ་འོད་བཤེར་བརྟག་དཔྱད་ཐེངས་གཅིག་བྱ་དགོས།

ནོར་འཁྲུལ་ལྔ་པ། མཐོང་ཚོར་སྦྱོང་བརྡར་གྱིས་རྒྱང་སྒྲིབ་རྩ་བ་ནས་གསོ་བཅོས་བྱེད་ཐུབ་པར་འདོད་པ།

མིག་འབྲས་ཀྱི་མདའ་ཡི་འཕར་ཚད་ནི་ལྡོག་ཏུ་མེད་པ་ཞིག་དང་། རྒྱང་སྒྲིབ་ནི་སངས་དྲག་ཡོང་ཐབས་མེད་པ་ཞིག་ཡིན། འོན་ཀྱང་མཐོང་ཚོར་སྦྱོང་བརྡར་བྱེད་མཁན་མང་པོས་སྦྱོང་བརྡར་གྱི་ཕན་འབྲས་འུད་སྒྲོག་བྱས་ཏེ། མཐོང་ཚོར་སྦྱོང་བརྡར་བྱས་ན་རྒྱང་སྒྲིབ་མིག་ནད་སངས་དྲག་བྱེད་ཐུབ་པར་སྒྲོག་བཞིན་ཡོད། དོན་དངོས་སུ་བྱིས་པར་བརྙན་རིས་དབྱེ་འབྱེད་ཀྱི་ནུས་པ་སྦྱོང་བརྡར་བྱས་པ་བརྒྱུད་མིག་ཤེད་རྒྱུན་ལྡན་དུ་སླར་གསོ་བྱས་པའི་སྣང་ཚུལ་རྫུན་མ་བཟོས་པ་ཞིག་ཡིན།

དོན་དངོས་སུ། འཕར་སྣོན་བྱུང་ཟིན་པའི་མིག་འབྲས་ཀྱི་མདའ་དང་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་དང་། ཇེ་སྲབ་ཏུ་གྱུར་པའི་མིག་གི་དྲ་སྐྱི་གང་ཡིན་རུང་ཚང་མར་ལྡོག་ཐབས་བྲལ། སྦྱོང་བརྡར་བྱེད་ཚད་ཆེས་དྲག་ན་དེ་ལས་ལྡོག་སྟེ་བྱིས་པས་ཐག་ཉེ་སར་མིག་འབྲས་སྤྱོད་ཚད་ཇེ་ཆེར་གྱུར་པའི་རྐྱེན་གྱིས། རྒྱང་སྒྲིབ་ཀྱི་འཕེལ་ཚུལ་ཇེ་མགྱོགས་སུ་གཏོང་སྲིད།

ཁྱིམ་བདག་མང་པོས་རང་གི་བྱིས་པའི་མིག་འབྲས་ཀྱི་ཆེད་དུ་གོ་སྐབས་ཕྲན་བུ་ཙམ་ཡང་དམ་འཛིན་བྱེད་བཞིན་ཡོད་མོད། ཡང་དག་པའི་སྨན་བཅོས་བྱེད་ཐབས་མ་སྤྱད་ན། བྱིས་པའི་མིག་འབྲས་སྲུང་སྐྱོབ་ལ་བར་ཆད་བཟོ་སྲིད།།

རྩོམ་སྒྲིག་པ། འབྲུག་མོ།