མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གི་བོད་སྨན་འདུལ་བ་དང་ངོས་འཛིན་བྱེད་པའི་ནུས་རྩལ་འགྲན་བསྡུར་མགོ་ལོག་ཁུལ་དུ་སྤེལ།
2023.04.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 8

ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གི་བོད་སྨན་འདུལ་བ་དང་ངོས་འཛིན་བྱེད་པའི་ནུས་རྩལ་འགྲན་བསྡུར་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་སྤེལ་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་བདུན་ནས་ཡོང་བའི་སློབ་མ་ཉེར་བརྒྱད་ཀྱིས་གསོ་རིག་རྒྱུད་བཞི་ངག་སྐྱོར་དང་། སྨན་རྫས་དང་དང་སྨན་སྦྱོར་ངོས་འཛིན། བོད་སྨན་འདུལ་བའི་ལག་རྩལ་སོགས་ཕྱོགས་ལྔ་ནས་འགྲན་བསྡུར་སྤེལ།

ཐེངས་འདིའི་བོད་སྨན་འདུལ་བ་དང་ངོས་འཛིན་བྱེད་པའི་ནུས་རྩལ་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གིས་ཐོག་དང་པོར་འགན་སྒྲུབ་བྱས་པ་ཡིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཆེད་མཁས་པ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཐེངས་འདིའི་འགྲན་བསྡུར་གྱི་ཞིབ་དཔྱད་པར་གདན་དྲངས་ཡོད། རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱི་རྒྱུན་སྤྱོད་བོད་སྨན་གྱི་སྣ་ཁ2900ལྷག་ཡོད་ཅིང་། མིག་སྔར་མགོ་ལོག་ས་ཁུལ་དུ་རྒྱུན་དུ་མཐོང་བའི་སྨན་རྫས་སྣ་ཁ800ལྷག་ཡོད།

ཐེངས་འདིའི་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཁྲིད་ལ་བརྗེ་རེས་སྟེགས་བུ་སྤུས་ལེགས་ཞིག་འདོན་སྤྲོད་བྱས་པ་མ་ཟད། བོད་སྨན་ཆེད་ལས་ཀྱི་སློབ་མར་ཤེས་བྱ་སློབ་སྦྱོང་དང་ནུས་རྩལ་སྦྱང་བའི་ཁོར་ཡུག་ཡག་པོ་བསྐྲུན་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འབྲིང་རིམ་ལས་རིགས་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བཏོན་ཡོད།  །

རྩོམ་སྒྲིག་པ། འབྲུག་མོ།