ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། བོད་ལུགས་གསོ་རིག་བརྡ་ཆད་ཡིག་སྒྱུར་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་གནང་བའི“བོད་ཀྱི་གསོ་བ་རིག་པའི་བོད་མིང་བརྡ་ཆད་ཚད་ལྡན་ཡིག་སྒྱུར་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ”དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ལམ་ནས་ཟི་ལིང་ཅན་དབྱིན་མགྲོན་ཁང་དུ་བདེ་བླག་ངང་འཚོགས། ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་གསོ་རིག་ཡིག་སྒྱུར་གྱི་ཆེད་མཁས་པ་དང་མཁས་དབང་། སློབ་གྲྭ་ཆེན་མོ་འགྲིམ་བཞིན་པའི་སློབ་མ་བརྒྱ་དང་ཉི་ཤུ་ལྷག་ཙམ་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ལུགས་གསོ་རིག་གི་བོད་སྨན་བརྡ་ཆད་ཡིག་སྒྱུར་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་དྲུང་ཡིག་ཆེན་མོ་ལྷ་མོ་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས།
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་སྟག་འབུམ་རྒྱལ་གྱིས་བོད་ལུགས་གསོ་རིག་གི་བརྡ་ཆད་ཡིག་སྒྱུར་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཨུ་ཡོན་ཡིན་པའི་ཆ་ནས་གཏམ་བཤད་པ་དང་། ཁོས་ཡིག་སྒྱུར་ནི་དེང་རབས་སྤྱི་ཚོགས་ཁྲོད་མེད་དུ་མི་རུང་བའི་རིག་གནས་བརྗེ་རེས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་ལ། ཡིག་སྒྱུར་ཚད་ལྡན་དང་གཅིག་གྱུར་བྱ་རྒྱུ་ནི་མིག་སྔའི་ཡིག་སྒྱུར་བྱ་བའི་ཁྲོད་ཀྱི་གནད་འགག་ཡིན་པས། བརྡ་ཆད་ཡིག་སྒྱུར་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རང་ཉིད་ཀྱི་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་། བྱ་བའི་ཕན་འབྲས་དངོས་ལ་དོ་སྣང་དང་སློབ་སྦྱོང་ཚན་ཆུང་འཛུགས་སྐྱོང་ལ་ཤུགས་བསྣན་ནས་བོད་ལུགས་གསོ་རིག་དང་བོད་སྨན་བརྡ་ཆད་ཡིག་སྒྱུར་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་བསྟན།
ཐེངས་འདིའི་རིག་གཞུང་ཚོགས་འདུའི་སྟེང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རྣམ་རྒྱལ་ཐར་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རིག་འཛིན་རྣམ་གཉིས་གདན་དྲངས་ནས་གཙོ་གནད་གཏམ་བཤད་སྤེལ། དགེ་རྒན་ཆེན་མོ་རྣམ་རྒྱལ་ཐར་གྱིས《སྔོ་འབུམ་ཆེན་མོ》བོད་འགྱུར་མའི་ཡིག་སྒྱུར་ཉམས་མྱོང་སྐོར་གླེང་བ”ཞེས་པ་བརྗོད་དོན་དུ་བཟུང་ནས་གསུང་རྩོམ་སྒྱུར་བའི་ཐོག་མའི་བསམ་འདུན་གྱི་དོན་སྙིང་དང་གསུང་རྩོམ་པར་གཞི་འདེམས་པའི་གལ་ཆེན་རང་བཞིན། གནའ་དེང་སྐད་ཡིག་ཞིབ་གླེང་གི་ཁྱད་པར་གསལ་བཤད་བྱས་ལ། ཡིག་སྒྱུར་བྱེད་ན་བོད་ཡིག་གནའ་གཞུང་གི་ཡིག་སྒྱུར་ཚད་གཞི་དང་སྒྱུར་ཐབས། ཁྱད་ཆོས་བཅས་ལ་གཞིགས་ནས་གཤིབ་བསྡུར་ཡང་ཡང་བྱེད་དགོས་པར་བཤད་པ་དང་། ཁོས《སྔོ་འབུམ་ཆེན་མོ》ཡིག་སྒྱུར་བྱེད་སྐབས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་རྒྱུའི་རྣམ་པ་དང་ཁ་དོག བྲོ་བ། ཕན་ནུས་སོགས་ཐད་ཀྱི་ཁྱད་པར་ལ་ཞིབ་བསྡུར་བྱས་ཤིང་། དཔེ་མཚོན་གྱི་ཁྱད་ཆོས་སོར་འཇོག་བྱས་ཡོད་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆའི་ཁྱད་ཆོས་ཀྱང་མངོན་ཡོད་པར་བསྟན།
དགེ་རྒན་ཆེན་མོ་རིག་འཛིན་གྱིས“བོད་ཀྱི་དམིགས་བསལ་རིག་གནས་བརྡ་ཆད་རྒྱ་ཡིག་ཏུ་སྒྱུར་ཐབས་སྐོར་གླེང་བ”ཞེས་པ་གཞི་བྱས་ནས་བོད་ཀྱི་དམིགས་བསལ་རིག་གནས་བརྡ་ཆད་ཀྱི་མཚན་ཉིད་དང་དབྱེ་བ། ཡིག་སྒྱུར་གྱི་རྩ་བའི་ཐབས་ལམ(སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར)སོགས་ཀྱི་ཐད་དཔེ་འགོད་བདེན་དཔང་བྱས་ཏེ། ཁོས་མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་ཡིག་སྒྱུར་བྱ་བའི་ཁྲོད་ངེས་པར་དུ་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྒྱུར་ཐབས་གང་བྱུང་དུ་མི་བཀོལ་བ། ཡིག་སྒྱུར་གྱི་ཚད་གཞི་དང་གཅིག་གྱུར་ལ་དོ་སྣང་བྱས་ཏེ། འགྱུར་ཡིག་ཀློག་རུང་བ་དང་ཡང་དག་པའི་རང་བཞིན་ལ་འགན་ལེན་བྱས་ནས། མ་ཡིག་གི་རིག་གནས་ཀྱི་ནང་དོན་དང་མི་རིགས་ཀྱི་ཁྱད་ཆོས་ཚད་མཐོའི་སྒོ་ནས་མངོན་དགོས་ཟེར།
བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་ཉིས་སྟོང་ཉི་ཤུ་ལོར་ཁྱབ་བསྒྲགས་བྱས་པའི《〈པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་བརྡ་ཆད་བོད་ཡིག་ཏུ་སྒྱུར་བའི་ཚད་གཞི〉ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》(མཚོ་སྔོན་བོད་རིག་པ【2020】ཨང6པ)ནང་གི་པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་བརྡ་ཆད113དང་བོད་ལུགས་གསོ་རིག་སྨན་རྫས་བརྡ་ཆད24ལ་བསམ་བློ་བརྗེ་རེས་དང་སློབ་སྦྱོང་བྱས་པ་དང་། བོད་ལུགས་གསོ་རིག་གི་བརྡ་ཆད་ཡིག་སྒྱུར་ཆེད་དོན་ཨུ་ཡོན་ལྷན་ཁང་གི“སྨན་ཁང་གི་རྒྱུན་སྤྱོད་མཚོན་རྟགས་བྱང་བུ”173ལ་གྲོས་བསྡུར་བྱས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཚད་མཐོའི་རིག་གཞུང་བརྗེ་རེས་ཤིག་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་བརྡ་ཆད་ཡིག་སྒྱུར་གྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ནས་གསོ་རིག་ལས་རིགས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ཡིག་སྒྱུར་ནུས་པ་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་དང་། དེང་རབས་གསོ་རིག་བརྡ་ཆད་གནད་འཁེལ་ཡིག་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་བརྡ་ཆད་ཡིག་སྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན། མ་འོངས་པའི་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དཔྱད་གཞིའི་དོན་སྙིང་གལ་ཆེན་ལྡན་པར་བྱས། །
རྩོམ་སྒྲིག་པ། འབྲུག་མོ།