པྲོག་གསར་རིམས་ནད་ཡང་བསྐྱར་གཞི་རྒྱ་ཆེ་བའི་ངང་མཆེད་སྲིད་དམ།
2023.04.17 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 9

ཀྲུང་གོ་ནད་རིགས་འགོག་སྡོམ་ལྟེ་གནས་ཀྱིས་ཟླ་བཞི་བའི་ཚེས་བརྒྱད་ཉིན་བཏང་བའི་གཟའ་འཁོར་གསར་པའི《རྒྱལ་ཡོངས་ཀྱི་པྲོག་གསར་རིམས་ནད་ཕྱོགས་ཀྱི་གནས་ཚུལ་གསར་པ》ཞེས་པའི་ནང་མངོན་པར། ཟླ་བཞི་བའི་ཚེས་དྲུག་ཉིན་གྱི་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་གདགས་གཤིས་མངོན་ཚད1.4%ཟིན་ཡོད། ཞིབ་དཔྱད་འབྲས་བུ་དེ་གདགས་གཤིས་ཐོན་ཚད་མཐོ་ཤོས(2022ལོའི་ཟླ12པའི་ཚེས་25ཉིན་གྱི་གདགས་གཤིས་ཐོན་ཚད29.2%ཟིན་པའི)དུས་སྐབས་དང་བསྡུར་ན་ཆེས་ཆེར་མར་ཆག་མོད།  འོན་ཀྱང་དེའི་གོང་གི་ཟླ་བ་གཅིག་གི་རིང་། པྲོག་གསར་ནད་དུག་བརྟག་དཔྱད་བྱས་པའི་གདགས་གཤིས་ཐོན་ཚད1%མན་ཡིན་ཞིང་། ཟླ་བཞི་བའི་ཚེས་དྲུག་ཉིན་1%ལས་བརྒལ་བ་དང་ཟླ་གཉིས་པའི་ཟླ་འགོའི(ཟླ་གཉིས་པའི་ཚེས་དྲུག་ཉིན་གྱི་ཚད་དེ1.5%ཡིན་པ)ཆུ་ཚད་དུ་སླེབས་ཡོད་པ་རེད།

གདགས་གཤིས་ཐོན་ཚད་ཇེ་མཐོར་སོང་བ་ཡིས་པྲོག་གསར་རིམས་ནད་གཞི་རྒྱ་ཆེ་བའི་ངང་མཆེད་སྲིད་དམ།

ཉིང་སྐྱུར་གདགས་གཤིས་ཐོན་ཚད་ཇེ་མང་དུ་སོང་བ་ཡིས་པྲོག་གསར་རིམས་ནད་བསྐྱར་དུ་འབྱུང་སྲིད་པ་མཚོན་ནམ་ཞེ་ན། ལྷོ་ཕྱོགས་གསོ་རིག་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་སྐྱེ་དངོས་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཝུའེ་ཡིས། མིག་སྔར་རང་རྒྱལ་གྱི་པྲོག་གསར་རིམས་ནད་དེ་སྔར་བཞིན་བལྟོས་བཅས་ཀྱིས་དམའ་བའི་ཆུ་ཚད་དུ་གནས་ཡོད། དེ་ནི་ཆུ་ཚད་དམའ་བའི་རྨང་གཞིའི་ཐོག་གི་འཕར་ཆག་ཡིན་པ་ལས་བསྐྱར་དུ་མཆེད་པའི་ཁོངས་སུ་གཏོགས་པ་མཚོན་མི་ཐུབ་ཅེས་དང་། མི་ཚོགས་ཀྱི་རིམས་འགོག་ནུས་པ་མར་ཆག་པ་དང་བསྟུན་ནས་རིམས་ནད་ཀྱི་གཞི་གྲངས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། དེ་ནི་མཚོ་རླབས་བསྐྱར་དུ་འཕྱུར་བ་དང་འདྲ་ཡང་སླར་ཡང་གཞི་ཁྱོན་ཆེ་བའི་གནས་ཚུལ་ཐོན་མི་སྲིད་ཅེས་བཤད་ཡོད།

ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་དང་འཕྲལ་སྡོམ་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཝུའེ་ཧྲེང་གིས་ཟླ་བ་བཞི་ལྷག་ཙམ་གྱི་སྔོན་ལ་མི་མང་ཆེ་བར་པྲོག་གསར་རིམས་ནད་འགོས་ཟིན་པས། སྤྱི་ཡོངས་ནས་བརྗོད་ན། རང་རྒྱལ་གྱི་མི་རྣམས་དེ་མཚུངས་ཀྱིས་རིམས་འགོག་ནུས་པ་ད་དུང་ཅུང་མཐོ་བའི་ཆུ་ཚད་དུ་གནས་ཡོད། གཞན་ཡང་། མི་རེ་རེའི་རིམས་འགོག་ནུས་པ་ཉམས་པའི་དུས་ཚོད་ཀྱང་མི་འདྲ་བའི་ཁར་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་འགོས་ནད་དེ་གབ་པའི་རང་བཞིན་དུ་གནས་ཡོད་པས། མིག་སྔར་མི་ཚོགས་ལ་ཡོངས་ཁྱབ་ཏུ་འགོ་སླ་བ་ཞིག་མིན། ཕུགས་ནས་བལྟས་ཚེ་རིམས་ནད་ཡང་ཡང་ཐོན་སྲིད་མོད། འོན་ཀྱང་བསྐྱར་དུ་གཞི་རྒྱ་ཆེ་བའི་ངང་མཆེད་མི་སྲིད་ཅེས་བཤད་འདུག །

རྩོམ་སྒྲིག་པ། འབྲུག་མོ།