དཔྱིད་དུས་གཉིད་མི་བདེ་ལ་རྨི་ལམ་མང་བ་ནི་མཆིན་པར་འབྲེལ་བ་ཡོད།
2023.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

དཔྱིད་ཀ་སླེབས་པ་དང་བསྟུན་ནས་མི་མང་པོ་ཞིག་ལ་གཉིད་དུ་ཡུར་དཀའ་བ་དང་། གཉིད་ན་སད་སླ་བར་མ་ཟད། གཉིད་གུང་དུ་ཡང་རྨི་ལམ་མང་པོ་རྨིས་ནས་གཉིད་སྐྱིད་པོ་ཞིག་ཁུགས་མི་ཐུབ་པའི་སྣང་ཚུལ་འབྱུང་། ནད་ཐོག་གི་བརྟག་དཔྱད་ལྟར་ན། དབང་རྩ་ཉམས་པ་དང་སེམས་ཁྲལ་གྱི་ནད་བྱུང་མྱོང་བའི་མི་རྣམས་ལ་དཔྱིད་དུས་ལྷག་པར་གཉིད་མི་ཡོང་བའི་སྣང་ཚུལ་འབྱུང་སླ་བ་དང་། ལྷག་པར་དུ་དེང་སྐབས་འཚོ་བའི་འགྲོས་མྱུར་ལ་བྱ་བའི་གནོན་ཤུགས་ཆེ་བ་དང་། སེམས་ཁམས་བག་ལྷོད་མེད་པ་སོགས་ཀྱིས་སྣང་ཚུལ་དེ་རིགས་རྒྱུན་མཐོང་དུ་གྱུར་ཡོད།

གཉིད་མི་ཡོང་བ་ནི་ཀྲུང་ལུགས་གསོ་རིག་ལྟར་ན་མཆིན་པར་འབྲེལ་བ་ཡོད་དེ། མཆིན་པ་ནི་འབྱུང་བ་ཤིང་ཁམས་ལ་གཏོགས་ཤིང་དུས་ཚིགས་དཔྱིད་ཀར་འཁེལ་ཡོད་ལ། དཔྱིད་དུས་མེ་དྲོད་རྒྱས་ཏེ་མཆིན་པའི་དྲོད་སྟོབས་ཆེས་ཆེར་འཕེལ་བའི་དུས་ཡིན། སྐབས་དེར་སེམས་ཁམས་སྙོམས་སྒྲིག་གི་ཕྱོགས་ལ་དོ་སྣང་མ་བྱས་ཚེ། མཆིན་རླུང་མི་རྒྱུ་བ་དང་སྙིང་ཁམས་མི་བདེ་བ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བས། གཉིད་དཀའ་བ་དང་རྨི་ལམ་འཁྲུག་ནས་སད་སླ་བ། མགོ་བོ་ན་ཞིང་མགོ་ཡོམ་འཁོར་བ་དང་ལུས་ཡོངས་སུ་བདེ་སྣང་མེད་པའི་རྟགས་སྣ་ཚོགས་འབྱུང་། དེ་བས། དེ་ནི་མཆིན་པ་དང་འབྲེལ་བས། གཤམ་དུ་དེའི་ཕྱོགས་ཀྱི་སྨན་འགའ་ཞིག་ངོ་སྤྲོད་པར་བྱ་ལ། དེ་ཡང་སྨན་པའི་ངག་བཞིན་བསྟེན་པར་རིགས།

མཆིན་པ་དྲོད་ཆེ།

ནད་པ་དེ་རིགས་ལ་མཆིན་དྲོད་ཆེས་ཆེར་འཕེལ་བའི་ནད་རྟགས་འབྱུང་བ་ཡིན་ཏེ། དཔེར་ན་ངོ་མདོག་དམར་ལ་མགོ་བོ་ན་ཞིང་འགས་སྙམ་བྱེད་པ། སྐྱུགས་མེར་ལངས་པ། གཉིད་མི་ཡོང་བ། ལྕེ་ནི་སེར་ལ་འབྱར་བག་ཆེ་བ། ཁ་ནི་བསྐ་ལ་སྐམ་པ། ཁོང་ཁྲོ་ལངས་སླ་བ་སོགས་ལྟ་བུ། གཞན་དུ་བཤང་བ་འགག་པ་དང་ཆུ་མདོག་སེར་བ། རྩ་གྲིམ་པར་འཕར་བ་སོགས་ཀྱང་མཐོང་། བུད་མེད་ལ་ཟླ་མཚན་ཉུང་ཞིང་། ཡང་ན་དུས་ལྟར་མི་འབབ་པ་དང་། ཟླ་མཚན་གྱི་སྔ་གཞུག་ལ་ལྷག་པར་གཉིད་མི་བདེ་བ་འབྱུང་། ནད་དེ་རིགས་ལ་མཆིན་ཚ་བསལ་ཐབས་ཀྱིས་གསོ་དགོས་ལ། ནད་ཡང་བའི་སྐབས་སུ་ཤིང་འབྲས་བརྒྱད་པ་བསྟེན་པས་ཆོག་ཅིང་། ནད་རྟགས་ཅུང་ཚབས་ཆེ་ན་ལྕགས་ཏིག་མཆིན་སེལ་རིལ་བུ་དང་མཉམ་དུ་བསྟེན་ཆོག་པ་ཡིན།

མཆིན་པ་ཁྲག་ཟད།

ནད་པ་དེ་རིགས་ལ་བྱང་ཁོག་སྦོས་པ་དང་། ཤུགས་རིང་འབྱིན་པ། ཁོང་ཁྲོ་ལངས་སླ་བ། མཚམས་རེར་མགོ་ཡོམ་འཁོར་བ་དང་གདོང་མདོག་སེར་ལ་སྐྱ་བ། མིག་མཐའ་ནག་པ། གཉིད་མི་ཡོང་བ། གཉིད་རྗེས་དངངས་སད་འབྱུང་སླ་བ། ལྕེ་ནི་དམར་ལ་སེར་པོ་ཆགས་པ། རྩ་ནི་ཕྲ་ལ་མགྱོགས་པ་སོགས་ཀྱི་ནད་རྟགས་མཐོང་། མཆིན་རླུང་འགག་ན་རྒྱུ་ལམ་འབྱེད་དགོས་ལ། ཁྲག་ཟད་དེ་མཆིན་པ་མི་སོས་ན་ཁྲག་དང་སྙིང་གསོ་དགོས། གསོ་བཅོས་ལ་ཤིང་འབྲས་བརྒྱད་པ་དང་ཡང་ན་ཟིར་སེར་མཆིན་བདེ་བསྟེན་ནས་མཆིན་རླུང་རྒྱུ་བར་བྱེད་དགོས་ཤིང་། གཞན་དུ་ཁྲག་གསོ་བའི་སྨན་བསྟེན་ཆོག གཉིད་མི་ཡོང་བ་ཚབས་ཆེ་ན་ཙོ་ཉིང་སྐྱུར་པོའི་སྡེབ་སྨན་ནམ་ཡང་ན་ཙོ་ཉིང་སེམས་བདེ་བསྟེན་ཆོག་པ་ཡིན།

ཕོ་མཆིན་འཁྲུག་པ།

ནད་དེ་རིགས་ནི་མཆིན་རླུང་འཁྲུག་སྟེ་ཕོ་བར་གནོད་པ་ལས་འབྱུང་བ་ཡིན་ལ། ཕོ་བ་མ་བདེ་ན་གཉིད་མི་བདེ་བས། རྒྱུན་དུ་སེམས་ཁམས་འཁྲུག་སྟེ་ཁོང་ཁྲོ་ལངས་སླ་བ་དང་། བྱང་ཁོག་སྦོས་ཏེ་སྙིང་མི་བདེ་བ། ཕོ་བ་སྦོས་པ་དང་ཕོ་རླུང་གྱེན་དུ་ལྡོག་པ། ཡི་ག་འགག་པ་དང་གཉིད་ཡོང་དཀའ་ལ། རྨི་ལམ་མང་བ། ལྕེ་ནི་སྐྱ་ལ་རྩེ་དང་མཐའ་གཉིས་དམར་བ། རྩ་ནི་ཁ་རུ་འཕར་ཞིང་ཤུགས་ཆུང་བ་སོགས་ཀྱི་ནད་རྟགས་མཐོང་། ནད་པ་དེ་རིགས་ལ་མཆིན་རླུང་བསལ་ནས་ཕོ་བ་གསོ་བའི་གསོ་ཐབས་བསྟེན་དགོས་ཤིང་། སྨན་དུ་ཤིང་འབྲས་བརྒྱད་པ་དང་མཚེར་བདེ་རིལ་བུ་བསྟེན་རུང་ལ། གལ་ཏེ་མ་ཞི་བའི་ནད་རྟགས་ཐོན་ན་མཚེར་བདེ་རིལ་བུའི་ཚབ་ཏུ་ཕོ་བདེ་རིལ་བུ་བསྟེན་ཆོག

མཆིན་ཁྲག་མི་འདང་བ།

ཀྲུང་ལུགས་གསོ་རིག་གིས་མཆིན་པས་ཁྲག་འཛིན་ལ་ཁྲག་གིས་བླ་འཛིན། མཆིན་པས་ཁྲག་འཛིན་པའི་ནུས་པ་རྒྱུན་ལྡན་ཡིན་ཚེ་བླ་བརྟེན་སའི་གནས་བདེ་བ་དང་། གཉིད་ཀྱང་བདེ་བར་སྨྲ། གལ་ཏེ་མཆིན་པ་ལ་ཁྲག་གིས་མ་འདང་ན། ཁྲག་ལ་བླ་བདེ་བར་མི་གནས་པས་གཉིད་མི་བདེ་བར་འགྱུར། ནད་པ་དེ་རིགས་ལ་ངུ་སྐྱེན་པ་དང་། དགའ་སྐྱོའི་འགྱུར་ལྡོག་མང་བ། གླལ་མོ་བྱེད་རྒྱུ་མང་བ། གདོང་མདོག་སེར་ཞིང་མདངས་དང་བྲལ་བ། དོགས་པ་མང་ལ་སེམས་ཁམས་མི་བདེ་བ། གཉིད་དཀའ་ཞིང་སད་སླ་བ་དང་དངངས་སླ་བ། ལྕེ་ནི་སྐྱ་ཞིང་དྲེག་པ་སྲབ། རྩ་ནི་ཕྲ་ལ་འཕྱོ་ཞིང་འཕར་བ་སོགས་ཀྱི་ནད་རྟགས་མཐོང་། གསོ་ཐབས་ལ་ཁྲག་རླུང་གསོ་བ་དང་མཆིན་པ་གསོ་བ་གཙོ་བོར་འཛིན་དགོས། སྨན་ལ་མཚེར་གསོ་རིལ་བུ་དང་འཕང་འབྲས་དང་ལུག་མིག་བསྣན་པའི་བྱ་རྒོད་སུག་པའི་རིལ་བུ་བསྡེབས་ནས་བསྟེན་ཆོག་ལ། ཐང་སྨན་གྱི་རིགས་ལ་ཤིང་མངར་གྲོ་ཐང་དང་ལུག་མཉེ་བྱ་རྒོད་སུག་པའི་ཐང་གི་སྟེང་ལ་ནད་ཐོག་གི་ལྕི་ཡང་ལྟར་སྡེབ་ཁ་འཕྲི་སྣོན་གང་འཚམ་བྱེད་རུང་། །

རྩོམ་སྒྲིག་པ། འབྲུག་མོ།