ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མང་ཚོགས་རྣམས་སྨན་བཅོས་འགན་སྲུང་ནང་ཞུགས་པར་སྟབས་བདེ་བ་དང་ལྷག་པར་དུ་གཞི་རིམ་རོང་འབྲོག་མང་ཚོགས་ཀྱིས་ནད་ཐོག་ནས་མི་རིགས་སྨན་རྫས་བཀོལ་སྤྱོད་བྱེད་པའི་དགོས་མཁོར་གཞིགས་ནས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》(གཤམ་དུ《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》ཅེས་བསྡུ་རྒྱུ་ཡིན།)དཔར་འགྲེམ་བྱས་པས། བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་བཟོས་པའི་སྨན་སྣ492སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཁྱབ་ཁོངས་སུ་འཇོག་རྒྱུ་དང་། བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་རྒྱལ་ཡོངས་སུ་སྔོན་ལ་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཐབས་སུ་འགྱུར་བ་མངོན་འགྱུར་བྱེད་རྒྱུ་རེད།
ཐེངས་འདིར《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》སྒྲིག་བཟོ་བྱས་པ་ནི། ཞིང་ཆེན་ཡོངས་ཀྱི་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་སྨན་མིང་ཚད་ལྡན་མིན་པ་དང་ཚད་གཞི་གཅིག་གྱུར་མིན་པ། སྨན་སྣ་ཉུང་བ། སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཚད་གཞིའི་དཀའ་གནད་ཆེ་བ་སོགས་གནད་དོན་ལ་དམིགས་ཏེ་ལག་བསྟར་བྱས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། 《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》ནི་གཞི་རྩའི་སྨན་བཅོས་འགན་སྲུང་གི་བྱེད་ནུས་གནས་མཚམས་དང་ཟུང་འབྲེལ་བྱས་ཏེ། ལུས་ཁམས་གསོ་བྱེད་སོགས་གསོ་བཅོས་མ་ཡིན་པའི་རང་བཞིན་གྱི་སྨན་སྦྱོར་ཕུད་དེ། མཐའ་མཇུག་ནད་ཐོག་ཏུ་བཀོལ་སྤྱོད་བྱེད་ཚད་མཐོ་བ་དང་ཞིང་ཆེན་ཡོངས་སུ་ཀུན་གྱིས་སྤྱོད་པའི་གསོ་བཅོས་རང་བཞིན་གྱི་སྨན་སྣ492(ཚད་གཞི་རིགས2763དང་སྨན་སྦྱོར་རིགས་སྣ7)《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》ཏུ་བཅུག་ཅིང་། ཞིང་ཆེན་ཡོངས་ཀྱི་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་རིགས71.4%ཟིན་ཡོད་པ་དང་། ཧ་ལམ་ཞིང་ཆེན་ཡོངས་ཀྱི་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་ནད་ཐོག་ཏུ་རྒྱུན་དུ་སྤྱོད་པའི་སྨན་རྫས་ཀྱི་རིགས་ཚང་མ་འདུས་ཡོད།
《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》ནང་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་སྲིད་ཇུས་གསལ་པོར་བཟོས་ནས་སྨན་བཅོས་འགྲོ་གྲོན་བསྡོམས་རྩིས་རྒྱག་སྐབས་སྨན་རྫས་ཀྱི་རིན་གོང་དེ་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཚད་གཞི་ལས་མཐོ་ཚེ། སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་དང་ཚད་ལས་བརྒལ་བའི་ཆ་ཤས་ནི་ནད་པ་མི་སྒེར་གྱིས་སྤྲོད་རྒྱུ་དང་། སྨན་རྫས་ཀྱི་རིན་གོང་དེ་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཚད་གཞི་ལས་དམའ་ཚེ། དངོས་སུ་རིན་གོང་གཏན་འཁེལ་བྱས་ནས་ལག་བསྟར་བྱེད་རྒྱུ། ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་དང་། གྲོང་ཁྱེར(ཁུལ)རིམ་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། སྙོམས་སྒྲིག་བེད་སྤྱོད་ཆོག་པའི་སྨན་ཁང་ནང་གི་སྨན་རྫས་ལ་གོ་རིམ་ལྟར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ལ་ཐོ་འགོད་སྙན་སེང་ཞུས་རྗེས། སྨན་བཅོས་འགན་སྲུང་ཐེབས་རྩ་ལ་སྲིད་ཇུས་ཐོག་ནས་དངུལ་སྤྲོད་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 《སྨན་རྫས་དང་སྨན་བཅོས་འགན་སྲུང་གི་དཀར་ཆག》ལ་འགུལ་རྣམ་ལེགས་སྒྲིག་ནང་རྐྱེན་ལག་ལེན་བསྟར་ནས། རྩ་དོན་ཐོག་ལོ་རེར་ལེགས་སྒྲིག་ཐེངས་རེ་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། འབྲུག་མོ།