དབུགས་འཚང་བའི་ངོས་འཛིན་སྐོར་ནས་མི་རྣམས་ལ་རྒྱུན་དུ་ནོར་འཁྲུལ་འགའ་ཞིག་འབྱུང་བཞིན་ཡོད། ནོར་འཁྲུལ་གྱི་ངོས་འཛིན་དེ་དག་གིས་ནད་དེར་བདག་སྐྱོང་བྱེད་པར་ཡང་ནོར་འཁྲུལ་འབྱུང་བཞིན་ཡོད་ལ། ནད་དེའི་གསོ་བཅོས་ཀྱི་ཕན་འབྲས་ལའང་དེ་བཞིན་དུ་ཤན་ཤུགས་ཐེབས་བཞིན་ཡོད།
གཅིག དབུགས་འཚང་བའི་ནད་ནི་ན་སོ་དར་བ་དང་བསྟུན་ནས་རང་བཞིན་གྱིས་སེལ་བར་འདོད་པ།
དབུགས་འཚང་བའི་ནད་ནི་བྱིས་པ་དང་གཞོན་ནུ། དར་མ་དང་རྒན་པ་སོགས་ན་སོ་གང་གི་སྐབས་སུའང་འབྱུང་སྲིད་པ་ཡིན། ལོ་དྲུག་ཅུའི་རྗེས་སུ་དབུགས་འཚང་བའི་ནད་རྟགས་བྱུང་སྟེ་དབུགས་འཚང་གི་ནད་ལ་ངོས་བཟུང་བའི་ནད་པ་ནི་རྒྱུན་དུ་མཐོང་བ་ཡིན།
གཉིས། དབུགས་འཚང་བའི་ནད་ནི་འགོས་ནད་ཅིག་ཡིན་པར་སྙམ་པ།
དབུགས་འཚང་བའི་ནད་ལ་འགོ་རྒྱུ་མེད། ཡིན་ནའང་། ནད་དུག་རང་བཞིན་གྱི་དབུགས་ལམ་འགོས་ནད་དེ། དཔེར་ན་སྤྱིར་བཏང་གི་ཆམ་པ་དང་ཆམ་རིམས་ལྟ་བུས་ཀྱང་དབུགས་འཚང་བའི་ནད་རྟགས་སློང་བ་ཡིན། བྱིས་པའི་ཁྲོད་དུ་དབུགས་འཚང་བ་ནི་སྤྱིར་བཏང་ཚོར་ལྷག་ལ་འབྲེལ་བ་ཟབ་མོད། དར་མ་རྣམས་ལ་ཚོར་ལྷག་གིས་བསླངས་པའི་དབུགས་འཚང་ནི་ཤིན་ཏུ་མཐོང་དཀོན་པ་ཡིན། དབུགས་འཚང་བ་ལ་ད་དུང་རྒྱུད་འདེད་རྒྱུའང་ཡོད།
གསུམ།། དབུགས་འཚང་བའི་ནད་པས་ལུས་སྦྱོང་བྱེད་མི་འོས་པར་འདོད་པ།
དབུགས་འཚང་བ་ལ་ཚོད་འཛིན་ལེགས་པོ་བྱུང་རྗེས། ནད་པས་ལུས་སྦྱོང་བྱེད་ཆོག་པར་མ་ཟད། ཐ་ན་ཆེད་ལས་ལུས་རྩལ་པའང་བྱེད་རུང་།
བཞི་པ། དབུགས་འཚང་བ་ལ་སྦྱོར་ཚད་མཐོ་བའི་སྐུལ་རྩིས་ད་གཟོད་ཚོད་འཛིན་བྱེད་ཐུབ་པར་འདོད་པ།
སྤྱིར་བཏང་དབུགས་འཚང་བ་ནི་ནད་པས་སྦྱོར་ཚད་ཉུང་ཙམ་གྱི་སྐུལ་རྩི་རྔུབ་པས་ཚོད་འཛིན་བྱེད་ནུས་མོད། འོན་ཀྱང་ཚད་ལྡན་གྱི་གསོ་བཅོས་བསྟེན་དགོས་ལ། དབུགས་འཚང་བའི་ནད་གཞི་ལྕི་བའི་ནད་པ་ཉུང་ཤས་ཀྱིས་ད་གཟོད་སྦྱོར་ཚད་མཐོ་བའི་སྐུལ་རྩི་དང་གཞོགས་འདེགས་ཀྱི་གསོ་ཐབས་གཞན་བསྟེན་དགོས།
ལྔ་པ། དབུགས་འཚང་བ་དེ་ཆམ་པ་དང་དབུགས་ལམ་གཉན་ཚད་དུ་འཁྲུལ་བ།
དབུགས་འཚང་བའི་ནད་པ་སྐོར་ཞིག་ལ་གློ་ལུ་རྒྱག་པ་དང་སྙིང་ཁམས་མི་མི་བདེ་བ། སྣབས་ཆུ་བཞུར་པ། སྣ་སྦྲིད་རྒྱག་པ་སོགས་ཀྱི་ནད་རྟགས་ཡང་དང་ཡང་དུ་ཐོན་པས། ཆམ་པ་དང་དབུགས་ལམ་གཉན་ཚད་ལ་འཁྲུལ་ནས། ཆམ་སྨན་དང་སྲིན་འགོག་སྨན་བསྟེན་ནས་གསོ་བཅོས་བྱེད་པ་རྒྱུན་དུ་མཐོང་། དེའི་ཁར་དབུགས་འཚང་བའི་ནད་རྟགས་འགའ་ཞིག་ནི་རང་བཞིན་གྱིས་ཡལ་འགྲོ་བའང་ཡོད་པས། ལྷག་པར་གསོ་བཅོས་ལ་ཕན་བསྐྱེད་བྱུང་བའི་སྣང་བ་སྐྱེ་སླ། ཡིན་ནའང་། དེ་འདྲའི་ནད་ཐོག་ལ་མི་ཁེལ་བའི་གསོ་ཐབས་ཀྱིས་དབུགས་འཚང་བའི་ནད་ཇེ་སྡུག་ཏུ་གཏོང་བ་ལས་མེད།
དྲུག་པ། སྐུལ་རྩིའི་ལྡོག་ནུས་ལ་སྐྲག་པ།
དབུགས་འཚང་བའི་ནད་རྟགས་གནོན་པ་ལ་མཆོག་ཏུ་གྱུར་པའི་སྨན་ནི་རྔུབ་བསྟེན་སྐུལ་རྩི་ཡིན། དེས་དབུགས་འཚང་བ་ལས་བསྐྱེད་པའི་དབུགས་ལམ་གཉན་ཚད་ཚོད་འཛིན་བྱེད་ཐུབ། རྔུབ་བསྟེན་སྐུལ་རྩི་ནི་ཁོང་བསྟེན་དང་སྡོད་རྩར་འདྲེན་པའི་སྐུལ་རྩི་དང་མི་འདྲ་སྟེ། དེ་ནི་ཐད་ཀར་དུ་དབུགས་ལམ་གྱི་འབྱར་སྐྱིའི་ངོས་སུ་སླེབས་པར་མ་ཟད། འབྱར་སྐྱི་བརྟོལ་ནས་ཁྲག་ཏུ་འདྲེས་པའི་སྐུལ་རྩི་ནི་ཤིན་ཏུ་ཉུང་བས་ལུས་ཡོངས་ལ་ཐེབས་པའི་ལྡོག་ནུས་ཀྱང་ཤིན་ཏུ་ཆུང་བ་ཡིན། དེ་བས་སྨན་དེ་བསྟེན་པ་ལ་ནད་པར་སེམས་ཁྲལ་གང་ཡང་སྐྱེ་མི་དགོས། །
རྩོམ་སྒྲིག་པ། འབྲུག་མོ།