རྒན་པའི་ཡི་མུག་ནད་ལ་བདག་སྐྱོང་བྱེད་ཐབས།
2023.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

རྒན་པའི་ཡི་མུག་ནད་པ་ཞེས་པ་ནི་ལོ་དྲུག་ཅུའི་ཡན་གྱི་རྒན་པར་ཡི་མུག་ནད་བྱུང་བ་ལ་གོ གལ་ཏེ་ཁྱིམ་དུ་ནད་པ་འདིའི་རིགས་ཡོད་ན། ཁྱིམ་མིས་ནད་དེའི་ཁྱད་ཆོས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། བདག་སྐྱོང་བྱེད་ཐབས་ཤེས་པར་བྱེད་དགོས་ལ། ནད་པར་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་རོགས་བྱས་ཏེ། འཚོ་བའི་སྤུས་ཀ་ཇེ་མཐོར་གཏོང་དགོས།

དོན་རྐྱེན་གཞན་པ་འབྱུང་བར་འགོག་ཟོན་བྱེད་དགོས། རྒན་པའི་ཡི་མུག་ནད་པར་རང་སྲོག་གཅོད་པའི་ཉེན་ཁ་ཧ་ཅང་ཆེ། ཁྱིམ་མིས་དུས་རྒྱུན་དུ་ནད་གཞི་ལ་བརྟག་དགོས་པར་མ་ཟད། དོན་རྐྱེན་གཞན་པ་འབྱུང་བར་འགོག་ཟོན་བྱས་ཏེ། ནད་པའི་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་ནི་ཁྱིམ་མིས་བདག་སྐྱོང་གི་གཙོ་གནད་ཡིན། ཁྱིམ་མིས་དུས་རྒྱུན་དུ་ནད་པའི་སེམས་ཁམས་ལ་དོ་སྣང་ལེགས་པོ་བྱེད་པ་དང་། ནད་པའི་འགྲོ་འདུག་སྤྱོད་གསུམ་ལ་མཐོང་ཆེན་བྱེད་དགོས་ལ། ནད་པའི་རང་རྨས་བྱེད་སྲིད་པའི་ཡོ་བྱད་དང་སྨན་རྫས་སོགས་ཉེན་ཁའི་དངོས་རྫས་སུ་བརྩིས་ཏེ་དོ་དམ་ལེགས་པོ་བྱེད་དགོས།

དུས་ཐོག་ཏུ་སྨན་འཐུང་བར་ལྟ་སྐུལ་བྱེད་དགོས། དུས་རྒྱུན་དུ་ཁྱིམ་མིས་ཆོས་ཉིད་ལྡན་པའི་སྒོ་ནས་ནད་པར་སྨན་འཐུང་དུ་འཇུག་དགོས་ལ། ནད་པར་སྨན་རྫས་ལ་དོ་དམ་བྱེད་རོགས་བྱེད་པ་དང་། རང་འགུལ་གྱིས་ཁོ་ཚོར་སྨན་འཐུང་རྗེས་ཀྱི་ཚོར་སྣང་སོགས་ཀྱི་སྐོར་ནས་ཁ་བརྡ་བྱེད་དགོས་པ་དང་། སྨན་མི་འཐུང་བར་ཁ་ནང་དུ་སྦས་སྐུང་བྱས་ཡོད་མེད་ལ་བརྟག་དགོས། སྨན་གྱི་ཕན་ནུས་དང་ཞོར་སྐྱོན་སོགས་ལ་བརྟག་དཔྱད་ལེགས་པོ་བྱས་ཏེ། དུས་ཐོག་ཏུ་སྨན་པར་ཡར་ཞུ་བྱེད་དགོས། གང་འདོད་དུ་སྨན་ཇེ་ཉུང་དུ་གཏོང་བའམ་ཡང་ན་སྨན་འཐུང་མཚམས་འཇོག་མི་རུང་བར། ངེས་པར་དུ་སྨན་པའི་མངགས་བཅོལ་ལྟར་སྨན་གྱི་འཐུང་ཚད་ལེགས་སྒྲིག་བྱེད་དགོས།

སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱེད་དགོས། ཁྱིམ་མིས་ནད་པ་དེར་བརྩེ་སེམས་བཅངས་པ་དང་ཐུགས་ཁུར་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། རྒྱུན་དུ་ཁ་བརྡ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། དེའི་ནང་སེམས་ཀྱི་འགྱུར་བ་ལ་ལྟ་རྟོག་ལེགས་པོ་བྱེད་དགོས་ལ། དེར་ནང་སེམས་ཀྱི་བསམ་ཚུལ་ངོ་མ་བརྗོད་པ་དང་ལུས་ཕུང་གི་མི་བདེ་བའི་ཚོར་སྣང་བཤད་པར་སྐུལ་ལྕག་གཏོང་དགོས། ནད་པའི་རང་བཀུར་བསམ་པར་མཉམ་འཇོག་བྱས་ཏེ། ཁོར་བརྩི་བཀུར་ཐོབ་པ་དང་མི་གཤིས་དང་ལ་རྒྱ་ཡོད་པའི་ཚོར་སྣང་འབྱུང་དུ་འཇུག་དགོས། ནད་པར་ཁེར་རྐྱང་དང་བརྩི་མཐོང་མི་བྱེད་པ་སོགས་ཀྱི་ཚོར་སྣང་འབྱུང་དུ་མི་འཇུག་པར། དུས་ཐོག་ཏུ་སེམས་གསོ་བྱེད་དགོས། ནད་པར་དགའ་ཕྱོགས་སྐྱེད་སྲིང་བྱེད་རོགས་བྱེད་པ་དང་། ལུས་སྦྱོང་འོས་འཚམ་བྱེད་དུ་འཇུག་པ། ཡི་མུག་གི་སེམས་ཁམས་ཞི་ལྷོད་དུ་གཏོང་བ་བཅས་ཀྱིས་ནད་གཞི་དྲག་སྐྱེད་འབྱུང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།