ཚོར་ལྷག་འབྱུང་སླ་བའི་དུས་ཚིགས་སུ་བྱེད་ཐབས་ག་འདྲ་ཡོད།
2023.05.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

དཔྱིད་ཀ་མྱུ་གུ་འབུས་ཤིང་མེ་ཏོག་བཞད་པའི་སྐབས་སུ། སྣ་སྦྲིད་རྒྱག་པ་དང་སྣབས་ཆུ་བཞུར་བ། སྣ་འཚུབ་པ། ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་བར་མ་ཟད། ཚབས་ཆེ་བའི་དུས་སུ་མགོ་ཡོམ་འཁོར་བ་དང་མགོ་བོ་ན་བ། ཐ་ན་སྣས་དྲི་ཚོར་ཉམས་པ་སོགས་ཀྱང་འབྱུང་བ་རེད། གལ་ཏེ་ཆམ་པ་ལ་འཁྲུལ་ཏེ་ཆམ་སྨན་བསྟེན་ཡང་དྲག་སྐྱེད་མི་འབྱུང་བར་མ་ཟད། ཚ་རྒྱས་པ་དང་ལུས་ཤུགས་ཟད་པའི་ནད་རྟགས་གཞན་མེད་ཚེ། དེ་ནི་ཚོར་ལྷག་རང་བཞིན་གྱི་སྣའི་གཉན་ཚད་ཡིན་པ་ཐག་གཅོད་བྱས་ཆོག

ཚོར་ལྷག་རང་བཞིན་གྱི་སྣའི་གཉན་ཚད་ལ་བརྟག་པར་གཞི་འཛིན་ས་བཞི་ཡོད་དེ།

1.རྒྱུན་དུ་སྣ་སྦྲིད་རྒྱག་པ་སྟེ། བསྟུད་མར་སྣ་སྦྲིད་ཐེངས་གསུམ་དང་དེ་ལས་མང་བ་རྒྱག་པ་དང་། ས་རྡུལ་དང་མེ་ཏོག་གི་ཟེའུ་རྡུལ་སོགས་ལ་འཕྲད་པའི་སྐབས་སུ་ལྷག་ཏུ་འཕར་བ།

2.ཆུ་དང་འདྲ་བའི་སྣབས་ཆུ་བཞུར་བ་སྟེ། མཚམས་རེར་སྣབས་ཆུ་དབང་མེད་དུ་བཞུར་བར་བྱེད།

3.སྣ་ཁུང་ཡ་གཅིག་དང་གཉིས་ཀ་འགག་པ་དང་། ཡང་ན་གཉིས་ཀ་རེས་མོས་སུ་འགག་པ་ཡིན། ཚབས་ཆེ་བའི་སྐབས་སུ་མགོ་ཡོམ་འཁོར་བ་དང་མགོ་བོ་ན་བའང་འབྱུང་།

4.སྣ་བུག་ལ་ཟ་འཕྲུག་མི་བཟོད་པ་སྐྱེས་པ་དང་། ཐ་ན་མིག་དང་མིད་ཐག་ལ་ཟ་འཕྲུག་ལངས་པ་ཡིན།

གོང་གི་སྣང་ཚུལ་དེ་དག་ཡུན་རིང་ཞིང་བསྟུད་མར་འབྱུང་བ་ཡིན་ན། ཚོར་ལྷག་རང་བཞིན་གྱི་སྣ་ཚད་ཡིན་པ་བསྙོན་མེད་ཡིན།

ཚོར་ལྷག་འགོག་ཐབས།

མཁའ་དབུགས་ཀྱི་དྲོ་གྲང་ལ་མཉམ་འཇོག་པ། ནད་པ་འགའ་ཞིག་ནི་དྲོ་གྲང་གི་འགྱུར་ལྡོག་ལ་ཚོར་བ་སྐྱེན་པོ་ཡོད་དེ། དཔེར་ན། གནམ་གཤིས་ལ་ཚ་དྲོད་ཆེ་བའི་སྐབས་སུ་རླུང་འཁྱག་པ་བཏང་བའི་ཁང་པའི་ནང་དུ་སོང་ཚེ། སྣ་ལ་ཚོར་ལྷག་གི་སྣང་ཚུལ་འབྱུང་། དེ་ལྟ་བུ་ལ། དྲོ་གྲང་ལ་བར་ཁྱད་ཆེ་བའི་ཁང་པའི་ནང་དུ། ཁ་ཐུམ་བརྒྱབ་ནས་སྣ་ཡི་དྲོ་གྲང་སྲུང་བ་གལ་ཆེ་ཞིང་། ཁང་པའི་ནང་གི་དྲོ་གྲང་རྒྱུན་ལྡན་དུ་གྱུར་རྗེས་ད་གཟོད་ཁ་ཐུམ་གྲོལ་དགོས་པ་ཡིན།

ཚོར་ལྷག་གི་རྒྱུ་རྐྱེན་བསལ་བ། ཚོར་ལྷག་གི་རྒྱུ་རྐྱེན་ལ་སྤྱིར་བཏང་མེ་ཏོག་གི་ཟེའུ་རྡུལ་དང་གཡན་འབུ། སྲོག་ཆགས་ཀྱི་ཤུ་བ་སོགས་ཡོད་ལ། རིམས་འགོག་དུས་ཀྱི་ཆང་བཅུད་ཀྱིས་ཀྱང་ཚོར་ལྷག་བསྐྱེད་པ་ཡིན། ཚོར་ལྷག་བསྐྱེད་མིན་ལ་བརྟག་པའི་མཇུག་འབྲས་སྲིབ་གཤིས་མངོན་པའི་དངོས་པོས་ཀྱང་ཚོར་ལྷག་རྩ་བ་ནས་མི་བསྐྱེད་པ་མིན་པས་མཉམ་འཇོག་དགོས། གང་ལྟར་ཁང་པའི་ནང་ལ་རླུང་རྒྱུ་བར་བྱེད་པ་དང་། སྤུ་དང་ལྡན་པའི་རྩེད་ཆས་ལ་མི་ཐུག་པ། གྱོན་པ་དང་མལ་ཆས་ཉི་མར་སྐམ་པ་དང་ཡང་ཡང་བརྗེ་བ། མཛེས་ལྗོངས་ལ་ལྟད་མོར་གཡེང་དུས་ཁ་ཐུམ་རྒྱག་པ་སོགས་བྱེད་དགོས།

སྣ་བུག་གཙང་མར་འཁྲུད་པ། སྣ་བུག་གཙང་མར་འཁྲུད་ན་ཚོར་ལྷག་བསྐྱེད་པའི་རྡུལ་སོགས་སེལ་བ་ཡིན། ཆེད་ལས་ཀྱི་འཁྲུད་ཆས་སྤྱད་ནས་ནངས་དགོང་ཐེངས་གཉིས་ལ་ཚྭ་ཆུས་བཀྲུ་བ་དང་། བཀྲུ་བའི་སྐབས་སུ་གློ་ལུ་མི་འཕར་བའི་ཐབས་གང་ནུས་ཀྱིས་བསྟེན་དགོས།

གསང་མིག་འགའ་མཉེད་ན་ཚོར་ལྷག་ལ་ཕན་པ་ཆེ།

1.སྣ་གཤོག་གི་སྣེ་ཟུར་དང་སྣ་གདོང་རུས་པའི་གཡས་གཡོན། མཁུར་ཀོང་བཅས་ལ་མཛུབ་མོས་གཡས་སྐོར་གྱིས་ཡང་མོར་ཐེངས100ཙམ་མཉེད་པ་དང་། དེ་ནས་གཡོན་སྐོར་གྱིས་ཐེངས100ལ་མཉེད་པ།

2.དཔྲལ་གོང་སྟེ། ཐོད་དཀྱིལ་སྐྲ་མཚམས་ནས་གོང་ལ་ཚོན་གཅིག་བཅལ་བའི་གནས་དེར་སྐར་མ་གཅིག་གི་ཡུན་ལ་ཡང་མོར་མཉེད་པ།

3.མཁྲིག་མའི་གཡས་ཟུར་གྱི་རུས་པ་འབུར་བོའི་གོང་དང་། སྟག་ཁ་ཞེས་མཐེ་བོང་དང་གོང་མཛུབ་བར་གྱི་ཤ་གནད་རྒྱོང་མཚམས་ལ་སྐར་མ་གཅིག་རིང་མཉེད་པ། དེ་ཡང་ལག་པ་གཡས་གཡོན་གཉིས་ཀར་མཉེད་ཆོག་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།