ཚན་རིག་དང་མཐུན་པའི་ཆུ་འཐུང་སྟངས།
2023.05.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

དཔྱིད་ཀ་ཕར་བསྐྱལ་ཏེ་དབྱར་ཁ་ཚུར་བསུ་བའི་དུས་ཚིགས་སྣོལ་མཚམས་ཀྱི་སྐབས་འདིར། གནམ་གཤིས་ལ་སྐམ་ཤས་ཆེ་བས། མི་རྣམས་ལ་རྒྱུན་དུ་སྐོམ་སྣང་འབྱུང་བ་རེད། དེ་ལས་གཞན་ད་རུང་མིག་ཟུང་དང་མཆུ་སྒྲོས། སྐྱི་པགས་སོགས་སྐམ་པ་དང་། མཆུ་སྒྲོས་དང་རྐང་ལག་ལ་སེར་ག་གས་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ། དེ་དག་སྔོན་འགོག་བྱེད་དགོས་ན་ཆུ་མང་དུ་འཐུང་ནས་ལུས་པོར་ཆུ་ཁ་གསབ་བྱེད་དགོས་པ་འདིར་མ་བཤད་ཀྱང་ཚང་མས་ཤེས་གསལ་རེད།

ཆུ་ཡིས་ལུས་སྟེང་དུ་ཟས་རིགས་འཇུ་བ་དང་། བཙོག་དངོས་ཕྱིར་ཕུད་པ། ཚིགས་མོ་འཇམ་འདྲེད། ལུས་དྲོད་སྙོམས་པ། ཕྲ་ཕུང་གི་བྱེད་ནུས་སྲུང་བ། ཁྲག་རྒྱུན་གྱི་ཤོང་ཚད་སྲུང་བ། རྨེན་བུ་དང་ཁྲག་རྒྱུན་གྱི་གྲུབ་ཆ་རུ་འགྱུར་བ་སོགས་ཀྱི་བྱེད་ནུས་ཆེན་པོ་བདུན་འདོན་བཞིན་ཡོད། ལུས་པོར་ཆུ་འདང་ཡོད་པའི་སྐབས་སུ། ལུས་པོའི་ཕུང་གྲུབ་སོ་སོས་རང་རང་གི་བྱེད་ནུས་བདེ་བླག་གིས་འདོན་ཐུབ་པ་ཡིན།

གལ་ཏེ་ལུས་པོར་ཆུ་ཡིས་མ་འདང་ན། འཚོ་བཅུད་གཞན་པ་རྣམས་ནི་གྲམ་པ་སྐམ་པོའི་ནང་གི་བྱེ་མ་བཞིན་བྱེད་ནུས་གང་ཡང་འདོན་མི་ཐུབ་པ་དང་། ཆུས་མ་འདང་ན་ལུས་པོར་འགྱུར་བ་གང་དག་འབྱུང་ངམ་ཞེ་ན།

གཅིག ལུས་པོའི་ཆུ་ཤོར་བའི་དབང་གིས་ལུས་པོའི་ལྗིད་ཚད1%མར་འབབ་པའི་སྐབས་སུ། སྐོམ་སྣང་སྐྱེས་ཏེ་ལུས་དྲོད་སྙོམས་སྒྲིག་ཡོང་བར་གནོད་པ་ཐེབས་སྲིད།

གཉིས། ལུས་པོའི་ཆུ་ཤོར་བའི་ཚད་དེ་ལུས་པོའི་ལྗིད་ཚད་ཀྱི2%ལ་སླེབས་པའི་སྐབས་སུ། སྐོམ་སྣང་ཚབས་ཆེན་འབྱུང་ལ། མི་བདེ་བའི་ཚོར་སྣང་འབྱུང་ཞིང་། ཅི་ཞིག་གིས་མགོ་ནས་མནན་ཡོད་པ་ལྟ་བུའི་ཚོང་སྣང་བྱུང་སྟེ་ཟས་ལ་ཡི་གའང་མེད་པར་འགྱུར།

གསུམ། ལུས་པོའི་ཆུ་ཤོར་ཚད་དེ་ལུས་པོའི་ལྗིད་ཚད་ཀྱི3%ལ་སླེབས་པའི་སྐབས་སུ། ཁྲག་གི་གར་ཚད་ཇེ་མཐོར་སོང་སྟེ། གཅིན་གཏོང་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་རེད།

བཞི། ལུས་པོའི་ཆུ་ཤོར་ཚད་དེ་ལུས་པོའི་ལྗིད་ཚད་ཀྱི6%ལ་སླེབས་པའི་སྐབས་སུ། ལུས་དྲོད་རྒྱུན་ལྡན་མི་ཡོང་བ་དང་རྐང་ལག་སྦྲིད་དེ་ན་ཟུག་སྐྱེས་པ་ཡིན།

ལྔ། ལུས་པོའི་ཆུ་ཤོར་ཚད་དེ་ལུས་པོའི་ལྗིད་ཚད་ཀྱི7%ལ་སླེབས་པའི་སྐབས་སུ། མགོ་ཡོམ་འཁོར་ནས་འགྱེལ་སྲིད།

དྲུག ལུས་པོའི་ཆུ་ཤོར་ཚད་དེ་ལུས་པོའི་ལྗིད་ཚད་ཀྱི10%ལ་སླེབས་པའི་སྐབས་སུ། སྙིང་གི་ཁྲག་རྩ་དང་དབུགས་རྔུབ། ལུས་དྲོ་སོགས་ཀྱི་སྙོམས་སྒྲིག་མ་ལག་ལ་གནོད་པ་ཐེབས་ཏེ། འཚུབ་ཆ་ལངས་པ་དང་མིག་གི་རྒྱལ་མོ་ནང་དུ་རྡིབ་པ། སྐྱི་པགས་ལ་མཉེན་ཆ་མེད་པ། ལུས་དྲོད་ཇེ་མཐོ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས། ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་།

མིའི་ལུས་པོར་མཚོན་ན་ཆུ་ནི་ཅི་འདྲའི་གལ་ཆེན་ཞིག་རེད་དེ། མི་ཞིག་གིས་ཆུ་ཁོ་ན་འཐུང་སྟེ་ཟ་མ་མ་ཟོས་ནའང་ཉིན་བཅུ་ནས་ཐ་ན་ཉི་ཤུ་ལ་གསོན་ཐུབ་མོད། འོན་ཀྱང་ཆུ་མ་འཐུང་བར་ཉིན་འགའ་ལས་གསོན་མི་ཐུབ། དེ་བས་ཆུ་ཡིས་ལུས་ཕུང་བདེ་ཐང་ཐད་ནུས་པ་ག་འདྲ་ཞིག་འདོན་བཞིན་པ་ཚང་མས་ཤེས་གསལ་རེད། ཆུ་ནི་ཧ་ཅང་གལ་ཆེན་ཡིན་མོད། འོན་ཀྱང་ཆུ་འཐུང་བའི་ཚད་ནི་དེ་བས་ཀྱང་གལ་ཆེའོ།།

དུས་ཡུན་ཐུང་ངུའི་ནང་ཆུ་མང་པོ་འཐུང་ན་ཁྲག་རྒྱུན་ཁྲོད་ཀྱི་གློག་འབྱེད་རྫས་ཀྱི་གར་ཚད་ལ་འགྱུར་ལྡོག་འབྱུང་བ་དང་། ལུས་སྟེང་གི་གཤེར་གཟུགས་རྒྱུ་འགུལ་ལ་འགྱུར་ལྡོག་འབྱུང་ལ། ཚབས་ཆེ་ན་ཀླད་ཆེན་སྦོས་ཤིང་ཀླད་ཁྱིམ་ལ་གནོན་བཙིར་ཐེབས་ལ། ཐ་ན་ཤི་བའི་ཉེན་ཁའང་ཡོད། ནད་རིགས་གང་ཡང་མེད་པའི་རྒྱུན་ལྡན་གྱི་མི་ཞིག་ཡིན་ན། མཁལ་མའི་ཕྱིར་ཕུད་ནུས་པ་བཟང་བས། ཆུ་དུག་ཕོག་པའི་ཉེན་ཁ་ཆུང་མོད། འོན་ཀྱང་མཁལ་མ་དང་མཆིན་པར་ནད་ཡོད་པ་དང་། ཡང་ན་སྙིང་གི་བྱེད་ནུས་ཉམས་པའི་ནད་པ་ལ་མཚོན་ན། ཆུ་མང་པོ་འཐུང་བ་ལས་ཆུ་དུག་ཕོག་ཉེན་ཆེ་བས། སྨན་པའི་ངག་བཞིན་འཐུང་དགོས།

ཆུ་འཐུང་བའང་ཚན་རིག་དང་བསྟུན་དགོས་ཏེ། ཐེངས་མང་ཚད་ཉུང་སྒོས་འཐུང་དགོས།

གཅིག ཆུ་འདང་ཚོད་འཐུང་བ། ན་ཚོད་མི་འདྲ་བ་དང་འགུལ་སྐྱོད་བྱེད་ཚད་མི་འདྲ་བ། ཁོར་ཡུག་གི་དྲོད་ཚད་མི་འདྲ་བ་སོགས་ཀྱི་དབང་གིས། ཆུ་ཡི་དགོས་མཁོའང་མི་འདྲའོ།། སྤྱིར་བཏང་གི་གནས་ཚུལ་འོག་དང་། ཁོར་ཡུག་གི་དྲོད་ཚད་སྙོམས་པའི་གནས་ཚུལ་འོག འགུལ་སྐྱོད་དྲག་པོ་བྱེད་དགོས་པའི་མི་དར་མས་ཉིན་རེར་ཆུ་ཧའོ་ཧྲིན་1500ནས1700འཐུང་བས་ཆོག་ལ། དེ་ནི་ཇ་ཕོར་བདུན་ནས་བརྒྱད་ཀྱི་ཚད་ཡིན།

གཉིས།ཐེངས་མང་ཚད་ཉུང་གིས་འཐུང་བ། ཐེངས་རེར་ཧའོ་ཧྲིན200〔ཇ་ཕོར་གཅིག〕རེ་འཐུང་དགོས། འཐུང་ཐེངས་གཅིག་གིས་མང་པོ་འཐུང་ན་ཕོ་རྒྱུའི་ཁུར་བོ་ཇེ་ལྗིད་དུ་བཏང་སྟེ། ཕོ་གཤེར་ཇེ་ཉུང་དུ་འགྲོ་བ་དང་ཕོ་སྐྱུར་སྲིན་གསོད་བྱེད་ནུས་ཇེ་དམའ་རུ་འགྲོ་བས། འཇུ་བྱེད་ནུས་པར་གནོད་པ་ཐེབས་སྲིད།

གསུམ། སྐོམ་སྣང་མ་སྐྱེས་པའི་སྔོན་ལ་འཐུང་བ། སྐོམ་སྣང་འབྱུང་བ་ནི་ལུས་པོར་ཆུ་མ་འདང་བའི་རྟགས་རེད། དེ་བས་སྐོམ་རག་བར་དུ་མི་སྒུག་པར་རང་འགུལ་གྱིས་ཆུ་འཐུང་བ་དང་དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་དགོས། དེ་ལས་གཞན་ད་རུང་རྒན་པ་རྣམས་ལ་སྐོམ་སྣང་ཆེན་པོ་མི་འབྱུང་བས།  ངེས་པར་དུ་དུས་བཅད་ལྟར་ཆུ་འཐུང་བའི་གོམས་སྲོལ་ཆགས་སུ་འཇུག་དགོས། བྱིས་པ་རྣམས་རྩེད་འཇོར་རོལ་བའི་སྐབས་སུ་ཆུ་འཐུང་རྒྱུ་བརྗེད་འགྲོ་བས། ཁྱིམ་བདག་གིས་ངེས་པར་དུ་དུས་བཅད་ལྟར་ཆུ་འཐུང་དགོས་པའི་དྲན་གསོས་ཏེ། དུས་ཐོག་ཏུ་ཆུ་འཐུང་བའི་གོམས་སྲོལ་ཆགས་སུ་འཇུག་དགོས།

བཞི། ཆུ་ཁོལ་གདམ་གསེས་བྱེད་དགོས། མི་མང་པོ་ཞིག་ཇ་འཐུང་རྒྱུར་དགའ་ལ། ཇའི་ནང་དུ་ཇ་མང་ཧྥུན་སོགས་ཀྱི་ཕན་ལྡན་དངོས་པོ་འདུས་པས། ཇ་བཙན་པོ་མི་འཐུང་བར་ཚད་དང་རན་པ་འཐུང་ན་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཡོད་མོད། འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི། ཁྲག་ཤེད་མཐོ་བ་དང་པྲོག་དབྱིབས་སྙིང་ནད། འཕར་རྩ་སྲ་འགྱུར་བཅས་ཀྱི་ནད་པ་དང་། གཞན་ད་རུང་སྦྲུམ་མ་དང་བཙའ་ལོ་རན་པའི་བུད་མེད། རྒན་པ་དང་བྱིས་པ་སོགས་ཀྱིས་ཇ་བཙན་པོ་འཐུང་མི་རུང་བས། ཆེས་ལེགས་པའི་གདམ་གསེས་ནི་ཆུ་ཁོལ་ཡིན་ནོ།།

ལྔ། ཆུའི་དྲོད་ཚད་འོས་འཚམ་ཡིན་དགོས། འཐུང་ཆུའི་ཆེས་རན་པའི་དྲོད་ཚད་ནི་ཏུའུ18ནས45ཡི་བར་རེད། རྒྱུན་དུ་ཆུ་ཁོལ་ཚ་མོ་འཐུང་ན་མིད་པར་སྲེག་རྨས་ཐེབས་པ་དང་། མིད་པའི་འབྱར་སྐྱི་ལ་མཚོན་ན་དེ་ནི་གནོད་འཚེ་ཞིག་ཡིན་ལ། མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། རྒྱུན་དུ་དྲོད་ཚད་དམའ་དྲག་པའི་ཆུ་འཁྱག་པ་འཐུང་ན། ཕོ་རྒྱུའི་ཁྲག་རྩ་གློ་བུར་འཁུམས་ཏེ། ཕོ་རྒྱུར་འབབ་པའི་ཁྲག་རྒྱུན་གློ་བུར་ཇེ་ཉུང་དུ་འགྲོ་བ་དང་ཕོ་བའི་རྩ་འཁུམ་བྱུང་སྟེ། གསུས་ཁོག་ན་བ་དང་སྐྱུགས་མེར་ལངས་པ་སོགས་ཀྱི་གནས་ཚུལ་འབྱུང་།

དྲུག སྐོམ་ཆུས་ཆུ་ཡི་ཚབ་བྱེད་མི་རུང་། སྐོམ་ཆུའི་ནང་དུ་ཀ་ར་མང་པོ་འདུས་བས། སོ་ལ་གནོད་པར་མ་ཟད་ཚོ་རྒྱས་པའི་ཉེན་ཁ་ཡོད། དེ་བས་ཀ་ར་འདུས་བའི་སྐོམ་ཆུ་ཉུང་འཐུང་བྱེད་དགོས་པར་མ་ཟད་སྐོམ་ཆུས་ཆུ་ཁོལ་གྱི་ཚབ་བྱེད་མི་རུང་ངོ་། །

རྩོམ་སྒྲིག་པ། འབྲུག་མོ།