ཚན་རིག་དང་མཐུན་པའི་བྱིས་པ་གཉོར་སྐྱོང་བྱེད་ཚུལ་སྐོར།
2023.05.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 11

མའི་ནུ་མ་བསྣུན་པའི་དགེ་མཚན།

བྱིས་པ་བཙས་ནས་ལྟེ་ཐག་བསྡམས་རྗེས་ཀྱི་ཉིན་ཉེར་བརྒྱད་ལོན་པའི་དུས་དེར་བྱིས་པ་རློན་ནུའི་དུས་ཡུན་ཟེར། བྱིས་པ་རློན་ནུའི་དུས་ཡུན་ནི་བྱིས་པ་བཙས་རྗེས་སུ་སྐྱེ་ལུགས་བྱེད་ལས་ལ་སྙོམས་སྒྲིག་དང་བུ་སྣོད་ཕྱི་ཡི་ཁོར་ཡུག་དང་འཕྲོད་མཐུན་ཡོང་བར་བྱེད་པའི་དུས་ཡུན་ཡིན། དུས་ཡུན་འདིའི་ནང་བྱིས་པ་རློན་ནུའི་འཚར་སྐྱེ་མགྱོགས་ཤིང་འཇུ་བྱེད་ནུས་པ་ཞན་པས་ཚན་རིག་དང་མཐུན་པར་ནུ་མ་བསྣུན་པར་ཤིན་ཏུ་དོ་སྣང་བྱེད་དགོས།

བྱིས་པ་རློན་ནུའི་དུས་ཡུན་གྱི་གཙོ་གནད་དུ་གྱུར་བའི་བདེ་སྲུང་བྱེད་ཐབས་ནི་ལུགས་དང་མཐུན་པར་ནུ་མ་བསྣུན་པ་དེ་ཡིན། ཉེ་བའི་ལོ་འགའི་རིང་ལ། མ་དང་བྱིས་པ་རློན་ནུའི་བར་སྔ་མོ་ནས་འབྲེལ་འདྲིས་བྱེད་པར་གཙིགས་ཆེན་བྱེད་བཞིན་ཡོད་ལ་དེ་མིན་བཙས་གཞུག་གི་དུས་ཚོད་ཕྱེད་ཀའི་ནང་ནུ་མ་བསྣུན་བཞིན་ཡོད།

གཅིག མའི་ནུ་མ་བསྣུན་པའི་བཟང་ཆ།

1.མའི་ནུ་མ་ནི་བྱིས་པའི་ཆེས་མཆོག་ཏུ་གྱུར་བའི་རང་བྱུང་ཟས་རིགས་ཡིན། མའི་ནུ་མ་ཡིས་སྐྱེས་ནས་ཟླ་བཞི་ནས་དྲུག་ལོངས་པའི་བྱིས་པའི་འཚར་སྐྱེ་ལ་མཁོ་བའི་འཚོ་བཅུད་དགོས་མཁོ་ཡོངས་སུ་སྐོང་ཐུབ་པས། སྒོ་ཕྱུགས་ཀྱི་འོ་མ་དང་སིལ་ཁུ་ཁ་སྣོན་བྱེད་མི་དགོས་ལ་ཐ་ན་ཆུ་ཡང་ལྡུད་མི་དགོས།

2. མའི་ནུ་མས་བྱིས་པར་ནད་མེད་ཅིང་ལུས་སྟོབས་འཕེལ་དུ་འཇུག་པ་དང་། མའི་ནུ་མའི་ནང་དུ་ནད་འགོག་གི་རྒྱུ་ཆ་མང་པོ་འདུས་ཡོད་ལ་དེས་བྱིས་པའི་ནད་འགོག་ནུས་པ་བསྐྱེད་ཐུབ།

3. མའི་ནུ་མའི་ནང་གི་རིགས་མི་འདྲ་བའི་འཚོ་བཅུད་ཀྱི་གྲུབ་སྟངས་བསྡུར་ཚད་ཤིན་ཏུ་ལུགས་མཐུན་ཡིན་ལ་བྱིས་པ་འཚར་སྐྱེ་འབྱུང་བར་ཕན་པ་མ་ཟད། བྱིས་པའི་འབྱིན་རྔུབ་འགུལ་སྐྱོད་བྱས་ཏེ་བྱིས་པའི་མ་མགལ་དང་སོ་སྐྱེས་པར་ཕན་པ་ཆེ།

4. མའི་ནུ་མ་ལ་བྱིས་པའི་ཀླད་པ་འཚར་སྐྱེ་འབྱུང་བའི་ཕན་པ་ལྡན། མའི་ནུ་མའི་ནང་དུ་བྱིས་པའི་ཀླད་པ་འཚར་སྐྱེ་འབྱུང་བར་ངེས་པར་མཁོ་བའི་ཨན་གཞི་སྐྱུར(氨基酸)ཡོད། དེ་མིན་ནུ་མ་བསྣུན་པའི་གོ་རིམ་ཁྲོད་མའི་སྐད་དང་སྙིང་ལྡིང་བའི་སྒྲ། དྲི་མ། ཤ་དྲོད་བཅས་ཀྱིས་བྱིས་པའི་ཀླད་པ་འཕེལ་བར་ཕན་པ་དང་བྱིས་པའི་བློ་རིག་འཕེལ་བར་ཤིན་ཏུ་ཕན།

5.མའི་ནུ་མ་བསྣུན་ན་མའི་ལུས་ཕུང་བདེ་ཐང་ལའང་ཕན། ནུ་མ་བསྣུན་ན་བུ་སྣོད་སྐུམ་པར་ཕན་ལ་སྐྱེ་ལམ་ནས་ཁྲག་ཤོར་ཚད་ཇེ་ཉུང་དུ་གཏོང་བ་དང་ནད་འབྱུང་ཚད་ཀྱང་ཇེ་ཉུང་ལ་གཏོང་ཐུབ།

6.མའི་ནུ་མ་ནི་རིན་མི་དགོས་ལ་སྟབས་བདེ་བའི་རང་བྱུང་གི་ཟས་ཡིན་ལ། མའི་ནུ་མ་ལུས་སྟེང་ནས་རུལ་རྒྱུ་མེད་ལ་དྲོད་གྲང་རན་པས་དུས་ནམ་ཡིན་རུང་ནུ་བདེ་བས། བྱིས་པའི་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན།

7.གཞན་གྱི་འོ་མ་ལྡུད་པའི་ཞན་ཆ་དེ་དག་མེད། གཞན་གྱིས་འོ་མ་ལྡུད་པ་ལ་གོང་དུ་བཤད་པའི་མའི་ནུ་མའི་བཟང་ཆ་དེ་དག་མེད་པ་ལས་གཞན་ད་རུང་བྱིས་པའི་ཁའི་འགུལ་སྐྱོད་དེ་མའི་ནུ་མ་བསྣུན་པ་དང་བསྡུར་ན་རྩ་བ་ནས་མི་འདྲ་ལ་བྱིས་པས་ནུ་མགོར་འཁྲུལ་བའི་ཚོར་བ་འབྱུང་བ་དང་ནུ་མ་མི་ནུ་བ།  ངུ་བ་སོགས་ཀྱི་སྣང་ཚུལ་འབྱུང་བས་ནུ་མ་བསྣུན་པར་ཡང་དཀའ་ཁག་ཐེབས་སྲིད།

བྱིས་པ་བཙས་གཞུག་གི་དུས་ཚོད་ཕྱེད་ཀའི་ནང་ལྷན་སྐྱེས་ཀྱི་ནུ་མ་འཇིབ་པའི་ནུས་པ་ཡོད། དེ་དུས་མའི་ནུ་མ་ནུ་རུ་བཅུག་པ་ལ་སྔ་མོ་ནས་ནུ་མ་ནུ་བ་ཟེར། སྔ་མོ་ནས་ནུ་མ་ནུས་ན་བཟང་ཆ་ཤིན་ཏུ་མང་། དེས་ནུ་མ་འབབ་པ་དང་མའི་ཁྲག་གཅོད་པ། མ་བུའི་བརྩེ་འདང་ཇེ་ཟབ་ཏུ་འགྲོ་བ་སོགས་ལ་ཕན་པ་ཡོད། གལ་ཏེ་དུན་ཡུན་འདི་བརྒལ་ཚེ་ནུ་མ་བསྣུན་ཡུན་ཕྱིར་འགྱངས་བྱས་ཏེ་མའི་ནུ་མ་བསྣུན་དཀའ། བྱིས་པ་དྲོ་ཞིང་འཇམ་པའི་མའི་མངལ་ནས་བུད་རྗེས། ཕྱི་རོལ་གྱི་གྲང་ངར་དང་འོད་ལ་ཤིན་ཏུ་མི་འཕྲོད་པས་མ་ཡིས་གཅེར་བུར་དམར་རྗེན་དུ་རུམ་དགོས། དེ་ལྟར་བྱས་ན་བྱིས་པའི་ཨ་མའི་སྙིང་ལྡིང་བའི་སྒྲ་ཐོས་པ་དང་མའི་ལུས་དྲོད་ཉམས་སུ་མྱོང་ཐུབ་ལ། མའི་དྲི་མ་ཚོར་རྗེས་སེམས་བདེ་བག་ལྷོད་ངང་གནས་ཐུབ།

གཉིས། མའི་ནུ་མ་བསྣུན་པའི་འབྲེལ་ཡོད་ཤེས་བྱ།

བཙས་གཞུག་གི་ཉིན་མགོ་མའམ་ཉིན་འགའི་ནང་དུ་བང་མ་ལ་ལར་བཙའ་དུས་ཀྱི་ངལ་དུབ་སོས་མེད་པས་འོ་མ་འབབ་པ་ཉུང་ཞིང་ཡང་ན་འབབ་ཡུན་འཕྱི་ལ་དེ་མིན་བྱིས་པ་རློན་ནུའི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་ལ། དེ་ནི་རྒྱུན་ལྡན་ཡིན་པས་སེམས་འཚབ་འབྱུང་མི་དགོས། ཉིན་འགའི་རྗེས་སུ་རིམ་གྱིས་འོ་མ་འབབ་སྲིད།

1.འོ་མ་འབབ་པར་དུས་རིམ་ཞིག་དགོས་པས་ཨ་མས་སྒུག་དགོས། བཙས་གཞུག་གི་ཉིན་མགོ་མ་འགའ་ནི་ནུ་སྟོང་ཡིན་ཟེར་བ་དེ་འོ་མ་ཅུང་ཙམ་ཡང་མེད་པ་མིན། སྐབས་འདིར་བྱིས་པར་མའི་ནུ་མ་རྒྱུན་མ་ཆད་པར་ནུ་རུ་བཅུག་ནས་སྤྲི་ཚང་མ་ནུས་ཏེ་འོ་མ་འབབ་ཏུ་འཇུག་དགོས།

2.ཐོག་མའི་སྤྲི་ཡིས་བྱིས་པའི་དགོས་མཁོ་ཡོངས་སུ་བསྐོང་ཐུབ། བང་མ་ལ་ལས་རང་གི་འོ་མ་ཉུང་བས་བྱིས་པར་མི་འདང་བར་སེམས་ཁྲལ་བྱེད་པ་ཡིན། དོན་དངོས་སུ་བྱིས་པར་ཉིན་འགོ་མ་གསུམ་ནས་བཞི་ཡི་ནང་དུ། འཚོ་བཅུད་ཉུང་ངུ་ཙམ་ལས་མི་དགོས་ལ། བྱིས་པ་མ་སྐྱེ་སྔོན་དུ་འཚོ་བཅུད་སྐོར་ཞིག་གསོག་ཡོད། དེ་བས་བཙས་གཞུག་ཏུ་བྱིས་པའི་ཁྲག་མངར་དམའ་བར་སྐྱོན་མེད་ཅིང་། ཉིན་མགོ་མ་འགའི་ནང་ཐོག་མའི་སྤྲི་ཡིས་བྱིས་པའི་དགོས་མཁོ་ཡོངས་སུ་ཚིམ་པར་བྱེད་ཐུབ།

3.བྱིས་པས་སྔ་མོ་ནས་ནུ་མ་མང་དུ་ནུས་ན་འོ་མ་འབབ་པར་ཕན། བྱིས་པས་ནུ་མགོ་ནུས་ན་མའི་འོ་མ་བབས་ཏེ་བྱིས་པར་འཚོ་བཅུད་འཛོམས་ཤིང་ནད་འགོག་རིན་ཐང་ཆེས་མཐོ་བའི་སྤྲི་ནུ་ཐུབ་པ་མ་ཟད། སྤྲིའི་ནང་དུ་ད་རུང་བཤལ་བའི་གྲུབ་ཆ་འདུས་པས་བྱིས་པའི་བཤང་བ་ཕུད་པ་དང་མཁྲིས་སེར་མི་འབྱུང་བར་ཕན།

4.བཙས་གཞུག་གི་ཉིན་མགོ་མ་འགའ་ཡི་ནང་དུ་བྱིས་པའི་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ་ནི་རྒྱུན་ལྡན་ཡིན། ཐེངས་མང་པོར་རྒྱུན་མ་ཆད་པར་ནུ་མ་ནུ་རུ་བཅུག་ན་བྱིས་པའི་ལུས་ཀྱི་ལྗིད་ཚད་མྱུར་དུ་སླར་གསོ་བྱེད་ཐུབ། སླར་གསོ་བྱེད་ཡུན་གྱི་དུས་ཚོད་ལ་ཁྱད་པར་ཆེ་རུང་། ཟླ་ཁ་ལོངས་ནས་བཙས་པའི་བྱིས་པ་ཉིན་བཅུའི་ནང་ཆ་སྙོམས་ཀྱིས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། སྐྱེ་དུས་ཀྱི་ལུས་ཀྱི་ལྗིད་ཚད་ཀྱི་བཅུ་ཙམ་མར་འབབ་ལ། ཟླ་ཁ་མ་ལོངས་པར་བཙས་པ་དེ་བདུན་ཕྲག་གཉིས་དང་གསུམ་གྱི་ནང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་ཚད་བརྒྱ་ཆའི་བཅོ་ལྔ་ལས་བརྒལ་མི་རུང་།

5.མའི་སེམས་འཚབ་པ་དང་སེམས་མ་བདེ་ན་འོ་མ་འབབ་པར་གནོད་པ་ཆེ། མའི་སེམས་མ་སྐྱིད་ཚེ་འོ་མ་མི་འབབ་པས་མ་ཡིས་སེམས་ཁམས་སྐྱིད་པོ་དང་ལྷོད་ལ་བབས་ནས། བྱིས་པ་པང་ལ་རུམ་པ་དང་རེག་པ། ཡང་ན་ཤ་རྗེན་དུ་གླན་པ་བཅས་བྱས་ན། མ་བུའི་བརྩེ་འདང་ཇེ་ཟབ་དང་འོ་མ་འབབ་པ། བྱིས་པའི་སེམས་བདེ་ལ་འབབ་པར་ཕན།

6.མ་བུ་གཉིས་ཀས་མཉམ་དུ་ངལ་གསོ་བ། བྱིས་པ་རློན་ནུའི་འཚོ་བར་ཆོས་ཉིད་དང་གོ་རིམ་ཡོད་པར་བྱས་ནས་ཨ་མས་བྱིས་པ་དང་མཉམ་དུ་ངལ་གསོ་ཇི་ཐུབ་བྱས་ན། ཨ་མའི་ངལ་དུབ་སེལ་བ་དང་འོ་མ་འབབ་པར་ཕན།

7.མ་བུ་གཉིས་མཉམ་དུ་ཉལ་ནས་བྱིས་པའི་དགོས་མཁོ་ལྟར་ནུ་མ་བསྣུན་དགོས། དེ་ལྟར་བྱས་ན་མ་བུ་གཉིས་ལ་ཕྱོགས་གང་ཐད་ནས་ཀྱང་སྟབས་བདེ་བ་ཡིན།

8.ནུ་ཁུག་ནང་ཀ་རའི་ཆུ་དང་སྒོ་ཕྱུགས་ཀྱི་འོ་མ་མི་ལྡུད་པ། རྒྱུ་ཆ་འགྱིག་ལས་བཟོས་པའི་ནུ་ཁུག་གི་ནུ་མགོའི་བུ་ག་ཆེ་ལ་འཇིབ་སླ་བས་དེ་མའི་ནུ་མགོ་ནུ་བ་དང་མི་འདྲ། ཀ་ར་བཏབ་པའི་སྒོ་ཕྱུགས་ཀྱི་འོ་མ་དང་ཆུ་འཇིབ་ན། བྱིས་པའི་མའི་ནུ་མ་ནུ་འདོད་མི་ཆེ་བས་འོ་མ་འབབ་པ་དང་ནུ་མ་བསྣུན་པར་ཕན་པ་མི་འབྱུང་།

9.ནུ་མ་བསྣུན་པ་ནི་མ་ཞིག་ལ་མཚོན་ན། བྱམས་སྙིང་རྗེ་ཕངས་མེད་འབུལ་བའི་གོ་རིམ་ཞིག་ཡིན་པས། བརྩེ་སེམས་ལྡན་ཞིང་སྒོས་སུ་མ་དྲིན་མོ་ཆེ་ཡི་བྱམས་སེམས་དེ་ལྡན་ན་ད་གཟོད་མའི་ནུ་མ་བསྣུན་པའི་ལས་འགན་འདི་ཡོངས་འགྲུབ་བྱེད་ཐུབ།

གསུམ། ནུ་མའི་རིགས་དགར་བ།

མའི་ནུ་མའི་གྲུབ་ཆ་དེ་བཙས་གཞུག་གི་དུས་ཡུན་འགོར་བ་དང་བསྟུན་ནས་འགྱུར་བཞིན་ཡོད་ལ། དེ་སྤྲི་དང་བར་བརྒལ་གྱི་འོ་མ། སྨིན་པའི་འོ་མ་བཅས་རིགས་གསུམ་དུ་བགར་ཆོག

1.སྤྲི། བཙས་གཞུག་གི་ཉིན་བདུན་གྱི་ནང་བབས་པའི་འོ་མ་ལ་སྤྲི་ཟེར། དེའི་ནངB--ལ་སེར་གྱི་རྒྱུ་འདུས་པས་མདོག་སེར་པོ་ཡིན། སྤྲི་དཀར་དང་མཚན་ལྡན་དངོས་པོ་ཅུང་མང་བས་འབག་པ་ཡིན། སྤྲི་ནི་བྱིས་པའི་རིམས་འགོག་ཆེར་བསྐྱེད་པར་དོན་སྙིང་གལ་ཆེན་ལྡན། བཤད་ཚུལ་ལ། བྱིས་པར་སྤྲི་མ་བསྣུན་ཚེ་ཚེ་གང་བོའི་འགྱོད་པ་ཞིག་ཏུ་འགྱུར་ངེས་ཡིན་ཟེར། དེ་བས་ཆེས་འཚོ་བཅུད་ལྡན་པའི་སྤྲི་ཆུད་ཟོས་སུ་མི་གཏོང་བར་དུས་ལྟར་བྱིས་པར་བླུད་ན། བྱིས་པའི་རིམས་འགོག་ནུས་པ་ཆེར་བསྐྱེད་པར་མ་ཟད་ད་དུང་བྱིས་པའི་རྒྱུ་མ་འགུལ་བར་བཅུག་ནས་བཤང་བ་ཕུད་པ་དང་མཁྲིས་སེར་འབྱུང་ཚད་ཇེ་ཡང་དུ་གཏོང་བ། བཙས་གཞུག་ཏུ་བྱིས་པའི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་མི་འགྲོ་བ་བཅས་ལ་ཕན།

2.བར་བརྒལ་འོ་མ། བཙས་གཞུག་གི་ཉིན་བདུན་ནས་བཅུ་བཞིའི་བར་དུ་བབས་པའི་འོ་མ་ལ་བར་བརྒལ་འོ་མ་ཟེར། དེའི་ནང་སྤྲི་དཀར་འདུས་ཚད་རིམ་གྱིས་ཇེ་ཉུང་ཡིན་ལ། སྣུམ་དང་འོ་མའི་མངར་ཆའི་འདུས་ཚད་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ནི་སྤྲི་ནས་འོ་མ་རུ་བར་བརྒལ་བྱེད་པར་གཏོགས་པ་ཡིན།

3.སྨིན་པའི་འོ་མ་ནི་བཙས་གཞུག་གི་ཉིན་བཅུ་བཞི་པའི་རྗེས་སུ་བབས་པའི་འོ་མ་ལ་ཟེར། དོན་དངོས་སུ་ཉིན་སུམ་ཅུ་ཡས་མས་སུ་ད་གཟོད་བརྟན་ཆགས་སུ་འབབ་པ་ཡིན།།

《བང་མའི་བདེ་སྲུང་ཤེས་བྱ》ཞེས་པའི་དཔེ་དེབ་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།