བཟའ་བཅའི་མངར་ཆར་ཚོད་འཛིན་བྱེད་དགོས།
2023.05.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

ཉེ་ཆར་གསར་འགོད་པས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་ནས་ཤེས་གསལ་ལྟར་ན། སྨན་ཁང་འདིའི་ཆེད་མཁས་པས་ཉེ་སྔོན་རྒྱལ་སྤྱིའི་གསོ་རིག་དུས་དེབ་སྟེ《དབྱིན་ཇིའི་གསོ་རིག་དུས་དེབ》སྟེང་ཞིབ་འཇུག་རྩོམ་ཡིག་ཅིག་སྤེལ་ཏེ། བཟའ་བཅའི་མངར་ཆ་མཐོ་ན་ཆུ་རྨེན་འབྲས་དང་གཅིན་སྙི་ཟ་ཁུ། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་རིགས45ཡི་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་པ་ཁྱབ་བསྒྲགས་བྱས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་གཅིན་ལམ་ཕྱི་བཅོས་ཚན་ཁག་གི་དགེ་རྒན་ཆེན་མོ་ཝེ་ཆང་དང་དགེ་རྒན་ཆེན་མོ་གཞོན་པ་ཚའོ་ཏེ་ཧུང་དང་ལིའུ་ལེང་རིན་བཅས་མཉམ་དུ་འཕྲིན་གཏོང་རྩོམ་པ་པོ་བྱས་ཏེ《དབྱིན་ཇིའི་གསོ་རིག་དུས་དེབ》སྟེང་ཞིབ་འཇུག་རྩོམ་ཡིག་དེ་སྤེལ། ཞིབ་འཇུག་ལས་མངོན་པ་ལྟར་ན། མངར་ཟས་མི་ཟ་བ་དང་ཡང་ན་ཉུང་བཟའ་བྱེད་མཁན་དང་བསྡུར་ན། མངར་ཟས་ཟ་ཚད་མཐོ་བའི་མི་ལ་ཆུ་རྨེན་འབྲས་དང་ཤན་རྨེན་འབྲས། གཅིན་སྙི་ཟ་ཁུ། དྲེག་ནད། ཁྲག་ཤེད་མཐོ་བ། གྲིབ་ནད་སོགས་ནད་རིགས45ཡི་འབྱུང་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད། དཔེར་ན་ཉིན་རེར་ཀ་ར་འདུས་པའི་སྐོམ་ཆུ་འཐུང་ཚད་ཧའོ་ཧྲིན250རེ་ཇེ་མང་དུ་བཏང་ན། པྲོག་དབྱིབས་སྙིང་ནད་འབྱུང་བའི་ཉེན་ཁ17%ཇེ་མཐོར་འགྲོ་བ་རེད།

ཅི་ཞིག་ལ་བཟའ་བཅའི་མངར་ཆ་ཟེར་རམ་ཞེ་ན། དགེ་རྒན་ཆེན་མོ་ཝེ་ཆང་གིས་བཤད་རྒྱུར། བཟའ་བཅའི་མངར་ཆ་ཞེས་པ་ནི་བཟའ་བཏུང་ལ་བརྟེན་ནས་ཁོག་པར་འགྲོ་བའི་མངར་ཆ་ལ་གོ་ཞིང་། དེའི་ཡོང་ཁུངས་གཙོ་བོ་ནི་ཀ་ར་འདུས་ཚད་མཐོ་བའི་བཟའ་བཏུང་གི་རིགས་ཡིན། དཔེར་ན་ཀ་ར་འདུས་པའི་སྐོམ་ཆུ་དང་མངར་ཟས་ལྟ་བུ། བཟའ་བཅའི་མངར་ཆའི་ནང་དུ་སྨན་ཁབ་རྒྱག་པ་སོགས་ལ་བརྟེན་ནས་ལུས་པོར་ཞུགས་པའི་རྒུན་འབྲུམ་ཧྭགས་སོགས་མི་འདུ། ཚང་མའི་རྒྱུན་དུ་བརྗོད་ཀྱིན་པའི་ཀ་ར་ཞེས་པ་དེ་ནི་བཟའ་བཅའི་མངར་ཆ་ལ་གོ།

ཞིབ་འཇུག་མི་སྣས། བཟའ་བཅའི་མངར་ཆ་ཟ་ཚད་གང་ཐུབ་ཅི་ཐུབ་ཀྱིས་ལུགས་མཐུན་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས་ལ། ཀ་ར་འདུས་པའི་སྐོམ་ཆུ་འཐུང་ཚད་གཟའ་འཁོར་རེར་ཧའོ་ཧྲིན200ནས355ཡི་ནང་དུ་ཚོད་འཛིན་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་དོ། །

རྩོམ་སྒྲིག་པ། འབྲུག་མོ།