ཁྲག་ཤེད་མཐོ་བའི་ནད་ཀྱི་ནོར་འཁྲུལ་གྱི་ལྟ་ཚུལ་འདི་དག་ལ་མཉམ་འཇོག་དགོས།
2023.05.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ཁྲག་ཤེད་མཐོ་བའི་ནད་ཀྱི་འབྱུང་ཚད་ཧ་ཆང་མཐོ་བས། དམངས་ཁྲོད་དུ་དེའི་ཐད་ཀྱི་དཀྲོག་གཏམ་དང་ནོར་འཁྲུལ་གྱི་ལྟ་ཚུལ་ཡང་དེ་བཞིན་ཧ་ཅང་མང་།

གལ་ཏེ་ཁྲག་ཤེད་མཐོ་བའི་ནད་པ་གང་ཞིག་དཀྲོག་གཏམ་དེ་དག་ལ་ཡིད་ཆེས་ཚེ། ཁྲག་ཤེད་ཚོད་འཛིན་བྱེད་པར་མི་ཕན་པར་མ་ཟད་ཆེས་བཟང་བའི་གསོ་བཅོས་ཀྱི་དུས་ཡུན་ལས་བརྒལ་ཏེ། ནད་གཞི་ཇེ་སྡུག་ཏུ་གཏོང་བ་དང་ཐ་ན་བསྡོངས་ཟླའི་ནད་སྣ་ཚོགས་ཀྱང་འབྱུང་སྲིད།

ནོར་འཁྲུལ་གྱི་ལྟ་ཚུལ་དང་པོ། ཁྲག་ཤེད་མཐོ་བ་ཤེས་རྗེས་མྱུར་མོར་སྨན་འཐུང་མི་རུང་། དེ་མིན་ན་མཚམས་འཇོག་མི་ཐུབ་པར་འདོད་པ།

མི་མང་པོ་ཞིག་ཁྲག་ཤེད་མཐོ་བའི་ནད་ལ་སྐྲག་བཞིན་ཡོད། དམངས་ཁྲོད་ཀྱི་བཤད་སྟངས་ལ། ཁྲག་ཤེད་གཅོག་པའི་སྨན་འཐུང་རྗེས་སྨན་བརྟེན་གྱི་སེམས་ཁམས་ཆགས་ཏེ། མི་ཚེ་གང་བོར་སྨན་དང་འབྲལ་ཐབས་མེད་པར་འདོད་ཀྱིན་ཡོད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན།

ཁྲག་ཤེད་མཐོ་བ་ཤེས་མ་ཐག་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་པར་བློ་འདྲི་དགོས། སྤྱིར་བཏང་གིས་མི་ཚེ་གང་བོར་དངོས་གནས་སྨན་དང་འབྲལ་ཐབས་མེད་མོད། འོན་ཀྱང་པྲོག་དབྱིབས་སྙིང་ནད་དང་སྙིང་གི་བྱེད་ནུས་ཉམས་པ། ཁྲག་ཧྭགས་མཐོ་བ་སོགས་ཀྱི་ནད་རིགས་གཞན་པ་མེད་པ་དང་། ཁྲག་ཤེད་ཀྱང་དེ་འདྲའི་མཐོ་རྒྱུ་མེད་ན། སྔོན་ལ་སྨན་འཐུང་དགོས་མིན་བརྟག་དཔྱད་བྱེད་ཆོག

སྨན་འཐུང་བར་འགོག་རྒོལ་གྱི་སེམས་ཁམས་བྱུང་ན་ཁྲག་ཤེད་ཚོད་འཛིན་བྱེད་པར་དེ་བས་མི་ཕན་པས། ཁྲག་ཤེད་མཐོ་བར་རྣམ་འགྱུར་ལེགས་པོ་བཅངས་ན་ད་གཟོད་རྒྱུན་ལྡན་གྱི་ཁྲག་ཤེད་སྲུང་འཛིན་བྱེད་ཐུབ།

ནོར་འཁྲུལ་གྱི་ལྟ་ཚུལ་གཉིས་པ། ཁྲག་ཤེད་རྒྱུན་ལྡན་དུ་བབས་ན་སྨན་འཐུང་མི་དགོས་པར་འདོད་པ། འདི་ནི་ཆེས་རྒྱུན་མཐོང་གི་འཁྲུལ་སོ་ཞིག་ཡིན་ཏེ། ཁྲག་ཤེད་འཇལ་སྐབས་རྒྱུན་ལྡན་མངོན་ཡོང་བ་དེ་ནི་སྨན་རྫས་ཀྱི་ཕན་ནུས་ཐོན་པས་ཡིན། སྐབས་དེར་སྨན་འཐུང་མཚམས་བཞག་ན། ཁྲག་ཤེད་མྱུར་མོར་ཇེ་མཐོར་འགྲོ་བའི་སྣང་ཚུལ་མངོན་ཞིང་། དེས་ཁྲག་རྩ་དང་སྙིང་ལ་ངན་ཤུགས་ཐེབས་པས། རྗེས་མར་ཁྲག་ཤེད་ཚོད་འཛིན་བྱེད་པར་མི་ཕན་ལ། ཐ་ན་སྙིང་རྩ་འགག་པ་དང་ཀླད་རྩ་འགག་པ་སོགས་ཀྱི་ནད་རིགས་འབྱུང་བས། ཁྲག་ཤེད་རྒྱུན་ལྡན་ཡིན་པའི་སྐབས་སུའང་སྨན་མུ་མཐུད་དུ་འཐུང་དགོས།

ནོར་འཁྲུལ་གྱི་ལྟ་ཚུལ་གསུམ་པ། ཁྲག་ཤེད་གཅོག་པའི་སྨན་གྱིས་མཆིན་པ་དང་མཁལ་མར་གནོད་པར་འདོད་པ།

མི་མང་པོ་ཞིག་གིས་ཁྲག་ཤེད་གཅོག་པའི་སྨན་རྒྱུན་འཐུང་བྱེད་མི་འདོད་པ་རེད། དེ་ནི་ཁྲག་ཤེད་གཅོག་པའི་སྨན་གྱིས་མཆིན་པ་དང་མཁལ་མ་ལ་གནོད་པར་འདོད་པས་རེད། དོན་དངོས་སུ་དེ་ནི་དཀྲོག་གཏམ་ཞིག་གོ

ཁྲག་ཤེད་གཅོག་པའི་སྨན་དང་བསྡུར་ན། ཁྲག་ཤེད་མཐོ་བ་ཡིས་མཆིན་པ་དང་མཁལ་མར་གནོད་པའི་ཚད་ཧ་ཅང་མཐོ། ཁྲག་ཤེད་དུས་ཡུན་རིང་པོར་མཐོ་བའི་གནས་བབས་སུ་ལུས་ན། འཕར་རྩ་སྲ་འགྱུར་འབྱུང་བ་དང་། ཁྲག་རྒྱུན་ལྡན་གྱིས་འཁོར་རྒྱུག་བྱེད་པར་གནོད་པ་ཐེབས་པར་མ་ཟད། ཁྲག་ཤེད་མཐོ་བའི་མཁལ་ནད་འབྱུང་བ་དང་། ཚབས་ཆེ་ན་ད་རུང་གཅིན་དུག་ཕོག་པའི་ཉེན་ཁ་ཆེ།

ཁྲག་ཤེད་གཅོག་པའི་སྨན་ནི་དེ་ལས་ལྡོག་སྟེ་ནད་པའི་ལུས་ཕུང་དང་བསྟུན་ནས་ལེགས་སྒྲིག་བྱེད་ཆོག་པས། མཆིན་པ་དང་མཁལ་མ་ལ་གནོད་པ་དེ་ལས་ཆུང་།

དེ་བས་དུས་ཡུན་རིང་པོར་ཁྲག་ཤེད་གཅོག་པའི་སྨན་འཐུང་བ་ལས་མཆིན་པ་དང་མཁལ་མར་གནོད་པ་ཆེན་པོ་ཐེབས་མི་སྲིད་ལ། ཁྲག་ཤེད་མཐོ་བ་ཡིས་མཆིན་པ་དང་མཁལ་མར་ཐེབས་པའི་གནོད་པ་དང་བསྡུར་ན་ཁྲག་ཤེད་གཅོག་པའི་སྨན་གྱིས་ཐེབས་པའི་གནོད་པ་ནི་ཧ་ཅང་ཆུང་ངོ་།།

ནོར་འཁྲུལ་གྱི་ལྟ་ཚུལ་བཞི་བ། ལུས་ཚོན་པོ་ཅན་རྣམས་ལ་ད་གཟོད་ཁྲག་ཤེད་མཐོ་བའི་ནད་འབྱུང་བར་འདོད་པ།

ཚོ་རྒྱས་པ་ཡིས་ཁྲག་ཤེད་མཐོ་བའི་ནད་ཀྱི་འབྱུང་ཚད་ཇེ་མཐོར་འགྲོ་བ་བདེན་མོད། འོན་ཀྱང་ཚོ་སྟུག་རྣམས་ལ་མ་གཏོགས་ཁྲག་ཤེད་མཐོ་བའི་ནད་མི་འབྱུང་བར་བཤད་པ་ནི་དཀྲོག་གཏམ་ཞིག་ཡིན། ཁྲག་ཤེད་མཐོ་བའི་ནད་ནི་དོན་དངོས་སུ་ལུས་པོའི་ཚོ་རིད་དང་འབྲེལ་བ་ཆེན་པོ་མེད།

གལ་ཏེ་དུས་ཡུན་རིང་པོར་ངལ་གསོའི་གོམས་གཤིས་ངན་པ་རྒྱུན་འཁྱོངས་བྱེད་པ་དང་། དེའི་ཁར་འཚོ་བའི་གནོན་ཤུགས་ཆེ་བ། ནང་གི་ཟགས་ཐོན་འཁྲུག་པ་སོགས་ཀྱིས་ཁྲག་ཤེད་མཐོ་བའི་ནད་བསྐྱེད་སྲིད།

དེ་ལས་གཞན་ད་རུང་རྒྱུད་འདེད་པ་ཡིས་ཁྲག་ཤེད་མཐོ་བའི་ནད་འབྱུང་བས། ལུས་པོ་རིད་ན་ཁྲག་ཤེད་མཐོ་བའི་ནད་འབྱུང་བའི་ཉེན་ཁ་ཆུང་བར་འདོད་དེ་དུས་རྒྱུན་གྱི་གོམས་སྲོལ་ལ་དོ་སྣང་མ་བྱས་ན་མི་འགྲིག་པ་རེད།

ལུས་པོ་ཚོ་རིད་གང་ཞིག་ཡིན་རུང་ཁྲག་ཤེད་མཐོ་བའི་ནད་འབྱུང་སྲིད་ལ། རང་ཉིད་ཀྱི་ཁྲག་ཤེད་མཐོ་བ་ཤེས་རྗེས། ངེས་པར་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་པར་སྟོན་པ་དང་གསོ་བཅོས་བྱེད་སྟངས་གཏན་འཁེལ་བྱེད་དགོས་པར་མ་ཟད། སྨན་པའི་མངགས་བཅོལ་ལྟར་སྨན་འཐུང་བ་ལས། གང་འདོད་དུ་སྨན་འཐུང་འཚམས་འཇོག་མི་རུང་ལ། དུས་མཚུངས་སུ་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ན། ད་གཟོད་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲག་ཤེད་ཚོད་འཛིན་བྱེད་ཐུབ་བོ། །

རྩོམ་སྒྲིག་པ། འབྲུག་མོ།