བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ་དགུ་ཅན་གྱི་སློབ་གསོ།
2023.05.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

— ཁ་ལོག་ངོ་ལོག་རྒྱག་པའི་བྱིས་པ་ལོ་དགུ་ཅན།

གཅིག ལང་ཚོ་ཆུང་ངུའི་དུས་ལ་ངོ་ལོག་རྒྱག་པའི་བྱིས་པ་ལོ་དགུ་ཅན།

ལང་ཚོའི་དུས་ལ་སླེབས་མེད་པའི་བྱིས་པ་ལོ་དགུ་ཅན་གྱིས་སྔ་མོ་ནས“ངོ་ལོག་རྒྱག་པ”ཡིན་ནམ།“མི་དར་མ་ལ་སུན་སྣང་སྐྱེས་འོང་། ཁོ་ཚོས་སྐད་ཅོར་རྒྱག་པ་ལས་ངའི་གནས་ཚུལ་ལ་རྩ་བ་ཉིད་ནས་རྒྱུས་ལོན་ཅུང་ཙམ་ཡང་བྱེད་མི་ཤེས།”

སེམས་ཁམས་འཕེལ་རྒྱས་རིག་པའི་ཆེད་མཁས་པ་ཕི་ཡ་ཅེ་ཡིས་བྱིས་པའི་ཀུན་སྤྱོད་ཀྱི་འཚར་ལོངས་དེ་རིམ་པ་གསུམ་ལ་བཀར་ཡོད། ལོ་ན0ནས5བར་ནི་སྒྲིག་སྲོལ་མི་ཤེས་པའི་དུས་དང་། ལོ་ན6ནས8བར་ནི་གཞན་གྱིས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་བརྩི་བའི་དུས། ལོ་ན་དགུ་ཡི་རྗེས་ནས་རང་གིས་སྒྲིག་ལམ་བརྩི་བའི་དུས་ཡིན། བྱིས་པ་ལོ་དགུ་ཅན་ལ་དོན་སྤྱི་དང་གཏན་ཚིགས་ཀྱི་ནུས་པའི་ཐད་ནས་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། བསམ་གཞིག་གི་ནུས་པ་ཡར་རྒྱས་བྱུང་ནས་རང་ཉིད་ཀྱི་བསམ་བློ་ཆགས་པ་དང་། དེ་དང་མཉམ་དུ་བྱིས་པ་ལོ་དགུ་ཅན་གྱིས་སྐད་ཆ་བཤད་པར་བྱང་ཆ་ལྡན་པས། བྱིས་པ་དང་ཕ་མའི་བར་གྱི་རྩོད་གླེང་ཇེ་མང་དུ་འགྲོ་ལ། དུས་སྐབས་འདིར་ཁྱིམ་བདག་ཚོས་རང་གི་བྱིས་པ་ཁ་ལོག་རྒྱག་རྒྱུར་དགའ་བ་གསལ་བོར་རྟོགས་ཐུབ། དོན་དངོས་སུ། བྱིས་པས་ཏག་ཏག་རང་ངོས་ཀྱི་འདུ་ཤེས་མངོན་བཞིན་ཡོད་པ་དང་། འདི་ནི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱུན་ལྡན་དང་རང་བྱུང་གི་སྣང་ཚུལ་ཞིག་ཡིན།

བྱིས་པ་ལོ་དགུ་ཅན་གྱིས་སེམས་ཁྲལ་བྱེད་ཤེས་པ་དང་། ཁོ་ཚོས་ན་ཟུག་དང་སེམས་ཁམས་མི་སྐྱིད་ཚེ་འཁང་ར་བྱེད་ངེས། འཚུབ་ཆ་ལངས་པའི་སྐབས་སུ་སེན་མོ་འཆའ་བའམ་ཡང་ན་སྐྲ་འཐེན་པ་སོགས་བྱེད་ལ། རྒྱུགས་ཀྱིས་ཁོ་ཚོར“གནོད་འཚེ”གཏོང་ངེས། ལོ་རིམ་གསུམ་པའི་བྱིས་པའི་རྒྱུགས་འབྲས་མར་ལྷུང་སླ་བ་དང་། བྱིས་པ་ལོ་དགུ་ཅན་གྱི་དགེ་རྒན་གྱིས་ཁོ་ཚོས་མགྱོགས་མྱུར་ངང་རྒྱུགས་ལན་སྤྲད་ནས་ཚར་བ་མཐོང་ཐུབ་པ་དང་། རྒྱུ་མཚན་ནི་ཁོ་ཚོས་རང་གིས་ཤེས་པ་དག་ལ་བསམ་གཞིག་མ་བཏང་བར་རང་འདོད་ལྟར་ལན་བྲིས་པས་ཡིན། བྱིས་པ་ལ་ལས་རྒྱུགས་ཤོག་གི་ཕྱེད་ཀ་བྲིས་རྗེས་མཚམས་འཇོག་པ་ཡིན། རྒྱུ་མཚན་ནི་ཁོ་ཚོས་ཡང་དག་གི་རྒྱུགས་ལན་ལ་བསམ་གཞིག་གཏོང་སྐབས་དཀའ་གནད་དང་འཕྲད་ཅིང་། ཡང་དག་གི་རྒྱུགས་ལན་མ་རྙེད་ཚེ་ནོར་འཁྲུལ་ཅན་གྱི་ལན་མ་བྲིས་པ་རེད། བྱིས་པ་ལོ་དགུ་ཅན་རྒྱུགས་དངོས་ལ་མ་ཞུགས་པའི་སྔོན་ལ་སྦྱོང་བརྡར་མང་པོ་བྱས་ནས་རྒྱུགས་ལ་སེམས་ཁྲལ་བྱེད་ཚད་ཇེ་ཡང་དུ་གཏོང་དགོས།

གཉིས། བྱིས་པ་ལོ་དགུ་ཅན་གྱིས་གདོང་གཏོད་དགོས་པའི་གནོན་ཤུགས་ཆེན་པོ་བཞི།

གནོན་ཤུགས་དང་པོ། སྦྱང་བྱའི་གནོན་ཤུགས་ཆེ་བ། སློབ་སྦྱོང་གི་ནང་དོན་ལྡབ་འགྱུར་གྱིས་འཕར་བ་ཙམ་གྱིས་མི་ཚད་པར་དཀའ་ཚད་ཡང་ཇེ་ཆེར་སོང་ཡོད། དེ་བས་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ་ལྷོང་གཡེང་གིས་དཔེ་ཆར་བལྟ་བའི་རྣམ་པར་གློ་བུར་དུ་འགྱུར་ལྡོག་བྱུང་ན་ཁོ་ཚོར་ལོབས་ཀྱིན་མི་འདུག གནོན་ཤུགས་གཉིས་པ། ལུས་ཁམས་འགྱུར་ལྡོག་གི་དབང་གིས་སེམས་མི་བདེ་བའི་གནོན་ཤུགས། བྱིས་པ་ལ་ལར་ལུས་ཁམས་ཀྱི་ཐད་ནས་རིགས་གཉིས་པའི་ཁྱད་གཤིས་འབྱུང་བཞིན་ཡོད་ལ། ཕོ་མོའི་འདུ་ཤེས་ཡང་ཐོག་མར་སྐྱེ་བཞིན་ཡོད། གནོན་ཤུགས་གསུམ་པ། རང་ངོས་འདུ་ཤེས་ཐོག་མར་སྐྱེ་མགོ་རྩོམ་པ་དང་། ཕ་མའི་སྲུང་སྐྱོབ་ལས་ཐར་འདོད་པ། སྔོན་ཆད་བརྩི་སྲུང་བྱས་པའི་སྒྲིག་ལམ་ལ་ཐོག་མར་དོགས་པ་དང་ངོ་རྒོལ་བྱེད་མགོ་རྩོམ། གནོན་ཤུགས་བཞི་པ། གྲོགས་པོར་སྔར་ལས་མཐོང་ཆེན་བྱས་པ་ལས་བྱུང་བའི་གནོན་ཤུགས། ཁོ་ཚོར་རྒྱུན་པར་གྲོགས་པོའི་བར་གྱི་མཛའ་བརྩེ་ཡིས་ཤུགས་རྐྱེན་ཐེབས་བཞིན་ཡོད། དུས་སྐབས་འདིར་རང་གི་སེམས་ཁམས་སྙོམས་སྒྲིག་ལེགས་པོ་བྱེད་མི་ཤེས་པས་དཀའ་ཁག་དང་འཕྲད་ན་ལྡོག་ཕྱོགས་ཀྱི་སེམས་ཁམས་ཀྱིས་གདོང་གཏོད་ངེས་རེད། གནོན་ཤུགས་འདི་བཞི་ཡི་དབང་གིས་བྱིས་པ་ལོ་དགུ་ཅན་གྱི་སྒེར་གཤིས་དང་ནང་སེམས་བརྟན་འཇགས་མིན། ཁོ་ཚོའི་བསམ་པར་དགེ་རྒན་དང་ཕ་མ་གང་ཡིན་རུང་འདྲ་མཉམ་མིན་པ་དང་། “ཁྱེད་ཚོས་ང་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་མ་མྱོང་། ངས་ཁྱེད་ཚོར་བྱ་བ་གང་ཡང་སྒྲུབ་མི་སྲིད”ཅེས་པ་འདི་ནི་བྱིས་པ་ལོ་དགུ་ཅན་གྱི་ནང་སེམས་ཀྱི་དྲན་ཚུལ་དངོས་ཡིན། དུས་སྐབས་འདིའི་བྱིས་པར་རང་བདག་བརྩོན་ལེན་དང་གཞན་བརྟེན་གཉིས་ཀྱི་འགལ་ཟླའི་སེམས་ཁམས་ཡོད།

གསུམ། ཐང་ཆད་སླ་བ་དང་རྨས་སྐྱོན་ཕོག་སླ་བའི་བྱིས་པ་ལོ་དགུ་ཅན།

བྱིས་པ་ལོ་དགུ་ཅན་གྱི་མཐུན་སྦྱོར་ནུས་པ་སྔར་ལས་བཟང་ཞིང་ཚད་མཐར་འགྲན་སློང་བ་དང་རང་ཉིད་ལ་འགྲན་སློང་བར་དགའ་བ་དང་། གཞན་དང་རྐང་རྒྱུག་འགྲན་བསྡུར་བྱེད་པའམ་ཡང་ན་དུས་ཚོད་གཏན་འཁེལ་བྱས་ནས་རྐང་རྒྱུག་བྱེད་པ། བྱིས་པ་ཕོ་རྣམས་སྐད་ཅོར་རྒྱག་པར་དགའ་བ་དང་། ཁོ་ཚོས་གནས་གཅིག་ནས་དལ་ཅག་གེར་བྱ་བ་གཅིག་སྒྲུབ་ནས་སྡོད་ཐབས་མེད་པ་དང་། ཐང་ཆད་སླ་བ་དང་རྨས་སྐྱོན་ཡང་ཕོག་སླ་བ་རེད།

བཞི། སྐད་ཆ་བཤད་པར་དགའ་བའི་བྱིས་པ་ལོ་དགུ་ཅན།

ཁོ་ཚོ་བློ་གྲོས་དང་ལྡན་པའི་སྐད་ཆ་བཤད་པར་དགའ་ལ་སྐབས་ལ་ལར་སྒྲོ་བཏགས་ཀྱི་སྐད་ཆ་ཡང་བཤད། ལོ་དགུ་ནི་གང་ཡང་ཁས་མི་ལེན་པའི་དུས་སྐབས་ཤིག་ཡིན། “ངས་སྒྲུབ་མི་ཐུབ”“ང་འདི་ལ་སུན་སྣང་སྐྱེ”“དོན་སྙིང་མི་འདུག”སྐད་ཆ་འདིའི་རིགས་རྒྱུན་པར་བཤད། ཁོ་ཚོར་བརྩོན་པ་ཆེ་ཞིང་འཛམ་གླིང་ལ་བལྟ་འདོད་ཀྱི་འདུན་པ་ཤུགས་དྲག་ལྡན། རྟོག་སྣང་གི་ནུས་པ་ཇེ་ཆུང་ལ་འགྲོ་མོད། བློ་རིག་དང་ལྡན་པའི་མཚར་སྣང་ཇེ་ཆེར་གྱུར་ནས་བྱ་དངོས་ཀྱི་འགྱུར་བ་སྣ་ཚོགས་ལ་གདོང་གཏོད་པའི་ནུས་པ་ལྡན་པ་རེད།

ལྔ། ལོ་དགུ་ནི་ཚན་རིག་འཚོལ་ཞིབ་ལ་འཚམ་པའི་ལོ་ཡིན།

བྱིས་པ་ལོ་དགུ་ཅན་ནི་དཔེ་ཀློག་གི་ཁྲོད་ནས་སློབ་སྦྱོང་བྱེད་པར་མཁས། ཁོ་ཚོས་ལས་ཀ་ལེགས་འགྲུབ་བྱས་ན་དགའ་སྣང་ཆེན་པོ་སྐྱེས་པ་དང་། ཞིབ་ཕྲ་ལ་མཉམ་འཇོག་དང་། གྲུབ་འབྲས་ལ་རོལ་མྱོང་བྱེད་ངེས། ཡིན་ཡང་། ཁོ་ཚོའི་དགའ་ཕྱོགས་ལ་འགྱུར་ལྡོག་ཡང་འབྱུང་སླ་བ་རེད།

དྲུག བྱིས་པ་ལོ་དགུ་ཅན་དང་གྲོགས་པོའི་འབྲེལ་བ།

བྱིས་པ་ལོ་དགུ་ཅན་ནི་རང་གིས་བཙལ་བའི་གྲོགས་པོ་དང་མཉམ་དུ་བྱ་བ་སྒྲུབ་པར་དགའ་བ་དང་། རྒྱུན་པར་ཕོ་མོ་སོ་སོ་བྱས་ནས་གྲོགས་པོ་སྒྲིག་ལ་ཚོགས་པ་ཆུང་ངུའི་འདུ་ཤེས་ཀྱང་སྐྱེ་མགོ་རྩོམ་པ་རེད། འགྲན་རྩོད་ཀྱི་འདྲ་མཉམ་གནད་དོན་ལ་གཙིགས་ཆེན་བྱེད། བྱིས་པ་ལོ་དགུ་ཅན་ལ་མཚོན་ན་རྩལ་སྦྱོང་སློབ་ཁྲིད་ཀྱི་འགྲན་རྩོད་ནི་ངེས་པར་དུ་སྤྲོ་སྣང་དང་བག་ཡངས་ཀྱི་རྣམ་པས་ཁེངས་པ་ཞིག་ཡིན་དགོས། ན་ཚོད་འདི་ནི་ཚོང་རྒྱག་པར་དགའ་བའི་ལོ་ཚད་ཅིག་ཀྱང་ཡིན་ལ། ཁོ་ཚོས་ཚན་ཆུང་གི་ཁྲོད་བྱ་བ་སྒྲུབ་ཐུབ་པ་དང་རྒྱུན་པར་དོན་དངོས་དང་སྒྲིག་སྲོལ། ཁ་ཕྱོགས་ལ་རྩོད་གླེང་བྱེད་པ་རེད།

བདུན། བྱིས་པ་ལོ་དགུ་ཅན་གྱི་རྩོམ་འབྲིའི་ནུས་པ།

བྱིས་པ་ལོ་དགུ་ཅན་ལ་སྔར་ལས་བཟང་པའི་མཐུན་སྦྱོར་གྱི་ནུས་པ་ལྡན་པས་ཚོད་འཛིན་ནུས་པ་བཟང་ལ་ཞིབ་ཕྲར་དབྱེ་འབྱེད་བྱེད་ཐུབ། དུས་རྒྱུན་གྱི་ལས་བྱ་དང་རྩོམ་འབྲི་སྐབས་ཡི་གེ་འབྲི་བ་ལོ་བརྒྱད་ཅན་དང་བསྡུར་ན་བྱང་ཆ་ལྡན་པར་མ་ཟད་སྒོ་སམ་ངོས་སུའང་ཞིབ་འབྲི་བྱེད་ཐུབ། ཁྱིམ་བདག་གིས་དག་ཡིག་གསར་བསྒྲིགས་བཀོལ་ནས་འཚོལ་ཞིབ་བྱེད་ཐབས་ཁྲིད་ཆོག མ་ཡིག་ལ་བཟོ་བཅོས་གང་མང་བྱེད་དུ་བཅུག་ན་རྩོམ་ཡིག་སྔར་ལས་ལེགས་པོ་འབྲི་ཐུབ། དཔེར་ན། མི་སྣ་ཞིབ་འབྲི་དང་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་པ། ལྟ་བ་ཞིབ་བརྗོད། རྩོམ་ཡིག་གི་མགོ་མཇུག་ལ་འགལ་ཟླ་མེད་པ། རྩོམ་ཡིག་གི་བདེན་སྣང་སོགས་ཀྱི་ཐད་ལ་རེ་བ་མཐོན་པོ་བཏོན་ཆོག

བརྒྱད། བྱིས་པ་ལོ་དགུ་ཅན་གྱི་ཕ་མས་མཉམ་འཇོག་བྱེད་དགོས་ས་གང་ཡོད།

བྱ་སྤྱོད་འགའ་ཤས་འབྱུང་བའི་རྒྱུ་རྐྱེན་ནི་ནར་སོན་གྱི་དགོས་མཁོ་ཡིན་པ་ཤེས་ཟིན་མོད། དོན་དངོས་ཀྱི་འབྲེལ་འདྲིས་ཁྲོད། བྱིས་པས་ཁ་ལོག་རྒྱག་པ་དང་རྣམ་འགྱུར་མི་ལེགས་པ་སྟོན་པའི་སྐབས་སུ། ཕ་མ་ཁོང་ཁྲོ་ལངས་ན་ཅི་བྱ། 1.བྱིས་པས་ཁ་ལོག་རྒྱག་པའི་སྐབས་སུ་ཕ་མས་བཟོད་བསྲན་བྱེད་དགོས་པ་དང་། བྱིས་པ་ལྷོད་ལ་བབས་ན་ད་གཟོད་གླེང་མོལ་བྱེད་དགོས། དེ་ལྟར་བྱས་ན་བྱིས་པའི་ནང་སེམས་ཀྱི་ལྟ་ཚུལ་ཤེས་ཐུབ་པ་དང་། ཐོག་མར་བྱིས་པའི་བསམ་ཚུལ་ལ་ཉན་པ་དང་རྗེས་ནས་ཕ་མའི་ལྟ་བ་བརྗོད་པ། 2.བྱིས་པས་སྦས་གསང་བྱས་ནས་རྫུན་བཤད་སྐབས། ཐོག་མར་བྱིས་པས་རྫུན་བཤད་དགོས་པའི་རྒྱུ་མཚན་ལ་སྔོན་དཔག་བྱས་ནས་སེམས་ཁྲལ(ཆད་པ་གཅོད་པ། གཤེ་གཤེ་གཏོང་བ)མེད་པར་བཟོ་བ་དང་། བྱིས་པར་ཡང་དག་པའི་ལམ་ནས་རང་གི་དམིགས་འབེན་འགྲུབ་པར་ཁྲིད་སྟོན་བྱེད་དགོས། 3.བྱིས་པས་སེམས་གཏམ་བཤད་ན་མི་འདོད་པའི་སྐབས་སུ། དུས་ཚོད་ཅུང་མང་པོ་སྤྱད་ནས་བྱིས་པ་དང་མཉམ་དུ་རྩེད་རོགས་བྱེད་པ་དང་། ཕན་ཚུན་གྱི་བརྩེ་བ་ཇེ་ཟབ་ལ་བཏང་ནས་ཡིད་ཆེས་ཐོབ་པར་བྱས་ཏེ། བྱིས་པར་སེམས་གཏམ་བཤད་དུ་འཇུག་དགོས། །

རྩོམ་སྒྲིག་པ། འབྲུག་མོ།