རྒྱུན་མཐོང་གི་ཨོལ་གོང་གཤེར་རྨེན་ནད་ལ་གང་དག་ཡོད།
2023.05.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

ལྦ་བ། དེ་ནི་གཉན་ཚད་དང་འབྲས་སྐྲན་སོགས་ཀྱི་དབང་གིས་བསྐྱེད་པ་མིན་པའི་ཨོལ་གོང་གཤེར་རྨེན་གྱི་སྐྲངས་འབུར་རིགས་ཤིག་ཡིན་ལ། ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ལ་ནད་འགྱུར་གྱི་རྟགས་མཚན་མི་མཐོང་བར། གཙོ་བོ་ཏེན་ཚྭས་མ་འདང་བ་དང་རྒྱུད་འདེད་པ། ཁོར་ཡུག་གི་རྒྱུ་རྐྱེན་སོགས་ཀྱིས་བསྐྱེད་པ་ཡིན། ནད་ཐོག་ཏུ་སྐེ་སྐྲངས་ཐོན་པ་ཆེས་ཆེར་མང་།

ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཚད་ལས་བརྒལ་བ། ཨོལ་གོང་གཤེར་རྨེན་ནི་རང་སྟེང་ནས་སྐུལ་རྩི་མང་དུ་ཟགས་པ་ལས་བསྐྱེད་པའི་ནད་ཅིག་ཡིན་ལ། དེ་ལས80%ནི་དུག་ཁྱབ་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་གྱིས་བསླངས་པ་ཡིན། ནད་ཐོག་ཏུ་ཁོང་ཁྲོ་ལངས་སླ་བ་དང་གཉིད་མི་བདེ་བ། སྙིང་འཕྱོ་བ་དང་ཐང་ཆད་པ། ཚ་བ་མི་བཟོད་ཅིང་རྔུལ་ཆུ་མང་བ། ལུས་སྐེམ་ལ་ཡི་ག་ཆེ་བ་དང་འཁྲུ་བཤལ་སོགས་ཀྱི་ནད་རྟགས་མཐོང་།

ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་པ། དེ་ནི་རྒྱུ་རྐྱེན་སྣ་མང་གིས་བསྐྱེད་པའི་སྐུལ་རྩི་ཉུང་བའི་ཁྲག་ནད་དང་། ཡང་ན་སྐུལ་རྩིའི་ལྡོག་ནུས་ཀྱིས་བསྐྱེད་པའི་ལུས་ཡོངས་ཀྱི་བརྗེ་ཚབ་ཉམས་པའི་ཕྱོགས་བསྡུས་ནད་ཅིག་ཡིན། གཙོ་བོ་ཆུ་སེར་འབྱར་བག་ཆེ་བའི་དམུ་སྐྲངས་ཐོན་ལ། ངོ་མདངས་སྐྱ་ལ་གྲང་ངར་མི་བཟོད་པ། ཐང་ཆད་པ་དང་གཉིད་སྟུག་པ། དྲན་པ་མི་གསལ་བ་སོགས་ཀྱི་ནད་རྟགས་ཀྱང་བསྡོངས་སྲིད།

ཨོལ་གོང་གཤེར་རྨེན་གྱི་གཉན་ཚད། དེ་ལ་མྱུར་གཤིས་གཉན་ཚད་ཕལ་བ་དང་། རིམས་ཐར་རང་བཞིན་གྱི་གཉན་ཚད། ཟུག་མེད་གཉན་ཚད་བཅས་གསུམ་དུ་འདུ། ཨོལ་གོང་གཤེར་རྨེན་གྱི་མྱུར་གཤིས་གཉན་ཚད་ཕལ་བ་ལ་ཤ་སྐྲན་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་གཉན་ཚད་ཀྱང་ཟེར་ལ། དེ་ནི་ཆེས་རྒྱུན་མཐོང་གི་ཟུག་ལྡན་ཨོལ་གོང་གཤེར་རྨེན་གཉན་ཚད་ཅིག་ཡིན་ལ། ནད་དུག་འགོས་པ་ལ་འབྲེལ་བ་ཡོད། རིམས་ཐར་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་གཉན་ཚད་བྱུང་བའི་ནད་པའི་ཁྲག་ལ་བརྟགས་ན་ཨོལ་གོང་གཤེར་རྨེན་ལ་གཏད་པའི་འགོག་གཟུགས་གྲུབ་ཡོད་པ་མཐོང་ལ། རྨེན་བུའི་ཕྲ་ཕུང་སིམ་ཡོད་པའང་འབྱུང་། དེ་ལས་ཆའོ་པེན་ཨོལ་གོང་གཤེར་རྨེན་གཉན་ཚད་ལ་རྟགས་དེ་ཤིན་ཏུ་གསལ། ཟུག་མེད་ཨོལ་གོང་གཤེར་རྨེན་གཉན་ཚད་ཀྱི་རྨེན་བུའི་ཕྲ་ཕུང་སིམ་ཚད་ཆའོ་པེན་གཉན་ཚད་ལས་ཅུང་ཟད་ཡང་བ་དང་། ཁྱབ་རྒྱའང་ཆུང་བས། ཨོལ་གོང་གཤེར་རྨེན་གྱི་ཚགས་བུག་ལ་གཏོར་བརླག་ཐེབས་པའི་རྟགས་མཐོང་ཡང་། དེ་ནི་ཡུན་ཐུང་ལ་བཅོས་སུ་རུང་བ་ཅན་དུ་མངོན།

ཨོལ་གོང་གཤེར་རྨེན་གྱི་སྐྲན་ནད། དེ་ནི་ནང་གི་ཟགས་ཐོན་མ་ལག་ཏུ་ཆེས་རྒྱུན་པར་མཐོང་བའི་སྐྲན་ངན་ཞིག་ཡིན་ལ། ནུ་ཏོག་དབྱིབས་ཀྱི་སྐྲན་ནད་ནི་ཆེས་མང་། ནད་ཐོག་ཏུ་ཨོལ་གོང་གཤེར་རྨེན་གྱི་འདུད་ཚིགས་མཐོང་ལ། ནད་པ་མང་ཆེ་བར་ནད་རྟགས་གཞན་མི་མཐོང་བར་བརྟག་དཔྱད་བྱེད་སྐབས་ད་གཟོད་ལྷང་ལ་འབུད། གློ་བུག་ལ་གནོན་ཤུགས་ཐེབས་ཚེ་གློ་ལུ་རྒྱག་པ་དང་དབུགས་འཚང་བའི་རྟགས་ཐོན་ལ། མིད་པའི་དབང་རྩར་གནོད་ཚེ་སྒྲ་ཐོན་དཀའ། མིད་པར་གནོན་ཤུགས་ཐེབས་ཚེ་ཁ་ཟས་མིད་དཀའ་བ་དང་ན་ཟུག་འབྱུང་།

རྩོམ་སྒྲིག་པ། འབྲུག་མོ།