རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་འགོ་ཚུགས།
2023.05.22 ཁུངས། མི་དམངས་དྲ་བ། ཀློག་གྲངས། 15

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་བོད་ལུགས་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཉེ་ལམ་པེ་ཅིན་བོད་ལུགས་སྨན་ཁང་དུ་སྤེལ་བ་དང་། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག དེ་བཞིན་དུ་པེ་ཅིན་བཅས་ནས་སྨན་དོན་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་སྐབས་འདིའི་ཟབ་སྦྱོང་ལ་ཞུགས་ཡོད་ཅིང་། ཟབ་སྦྱོང་དུས་ཡུན་ཉིན་བདུན་རེད། 

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལན་ཞང་མིང་གིས་གསུང་བཤད་གནང་སྐབས། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཡིས་གཅིག་སྡུད་ཀྱི་གསོ་སྦྱོང་བྱེད་ཐབས་ལ་བརྟེན་ནས། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་བྱེད་ཆེད་ཤེས་ལྡན་མི་སྣའི་སྟོབས་ཤུགས་གསོག་འཇོག་དང་། ཀྲུང་གོའི་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཕྲན་བུ་རེ་འདོན་བཞིན་ཡོད་ལ། སློབ་མ་ཚོས་བོད་ལུགས་གསོ་རིག་རྒྱུད་འཛིན་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་བོད་ལུགས་གསོ་རིག་རྒྱུན་འཛིན་ཐུབ་པར་བྱས་ཏེ། དུས་རབས་གསར་པར་མི་རིགས་ཀྱི་གསོ་རིག་དང་སྤུས་ཚད་བཟང་པོའི་སྨན་རྫས་འཕེལ་རྒྱས་གཏོང་ཕྱིར་ནུས་པ་ཆེན་པོ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭར་དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་གི་དགེ་རྒན་ཆེན་མོ་འགྲོ་འདུལ་ལགས་ཆེད་མངགས་གདན་འདྲེན་ཞུས་ཡོད་ཅིང་། བོད་ལུགས་གསོ་རིག་གི་ནད་ཐོག་ཉམས་མྱོང་དང་ནུས་རྩལ་སྐོར་སློབ་ཁྲིད་གནང་བ་རེད།

སྐབས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་འགན་འཁུར་བ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་དོན་ཁང་དང་། པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་། བོད་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་རེད། ཉིས་སྟོང་བཅུ་ལོ་ནས་བཟུང་། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་གཅིག་པ་བདེ་བླག་ངང་སྤེལ་ཟིན་པ་དང་། བོད་ལུགས་གསོ་རིག་གི་སྨན་དོན་མི་སྣའི་བར་གྱི་རིག་གཞུང་སྤེལ་རེས་ལ་ཤུགས་བསྣན་པ་དང་། ལས་སྒོའི་མི་སྣའི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་བཏང་བ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། མི་རིགས་བར་འགྲོ་འོང་དང་། སྤེལ་རེས་མཉམ་འདྲེས་བཅས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཕྱི་ནང་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ལ། རྒྱ་ཆེའི་བོད་ལུགས་གསོ་རིག་གི་ལས་དོན་མི་སྣས་དགའ་བསུ་ཆེན་པོ་ཐོབ་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།