སྨན་ལྟོ་སྟོང་དུ་བསྟེན་པ་དང་ཟས་སྔོན་ལ་བསྟེན་ཞེས་པ་གཉིས་ནང་དོན་མི་འདྲ།
2023.06.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

སྨན་གྱི་གསལ་བཤད་ཡི་གེའི་ནང་དུ། སྨན་འགའ་ཞིག་ནི་ཟ་མ་མ་ཟོས་པའི་སྔོན་ལ་བསྟེན་དགོས་པར་བཤད་ཡོད་ལ། སྨན་འགའ་ཞིག་ནི་ལྟོ་སྟོང་དུ་བསྟེན་དགོས་པར་བཤད་ཡོད། མི་མང་པོ་ཞིག་གིས་བསྟེན་ཚུལ་དེ་གཉིས་ཀྱི་ནང་དོན་གསལ་པོ་མ་གོ་བར་མགོ་རྨོངས་བཞིན་འདུག

དེ་ལ“ལྟོ་སྟོང་དུ་བསྟེན་དགོས”ཞེས་བྲིས་ཡོད་ཚེ། སྨན་དེ་ནི་སྤྱིར་བཏང་ཟ་མ་མ་ཟོས་གོང་གི་ཆུ་ཚོད་གཅིག་གི་སྔོན་དང་། ཡང་ན་ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཉིས་ཀྱི་རྗེས་སུ་བསྟེན་དགོས་པ་ཡིན། དཔེར་ན་ཕོ་བར་མི་འཇུ་བར་རྒྱུ་མའི་ནང་ནས་ད་གཟོད་ཞུ་བའི་རྒྱུ་སྨན་ལྟ་བུ་ཡིན་ན་ལྟོ་སྟོང་དུ་བསྟེན་དགོས། ལྟོ་སྟོང་དུ་བསྟེན་པར་འཚམ་པའི་སྨན་ལ་ད་དུང་འབུ་འཇོམས་སྨན་དང་ཟུངས་གསོ་ཀྲུང་སྨན། ཚྭ་རིགས་ཀྱི་བཤལ་སྨན། ཨ་ལུན་ལིན་སྐྱུར་ནཱ་སོགས་ལྟ་བུའང་ཡོད།

ཟས་སྔོན་བསྟེན་པའི་སྨན་ནི་ཟས་དང་མཉམ་དུ་འཇུ་ལེན་བྱེད་པར་འཚམ་པའི་སྨན་གྱི་རིགས་ཡིན། ཁ་ཟས་ཟོས་རྗེས་ཀྱི་སྐར་མ་ལྔ་ཡི་མཚམས་སུ། ཕོ་བ་ནི་སྐར་མ་རེ་ལ་ཐེངས་གསུམ་རེར་འགུལ་སྐྱོད་བྱེད་མགོ་རྩོམ་ལ། དེས་སྨན་དང་ཟས་གཉིས་མཉམ་དུ་བསྲེས་ནས། འཇུ་ལེན་ལ་གྲོགས་བྱེད་པ་ཡིན། ཕོ་བའི་འགུལ་སྐྱོད་ཐེངས་རེས་སྨན་ཟས་ཀྱི་མྱགས་རོ་ཁེ་གཅིག་ནས་གཉིས་རྒྱུ་སོར་བཅུ་གཉིས་ཀྱི་གནས་སུ་འདེད་པ་ཡིན།

དེ་ལ་ཕོ་བའི་ནང་དུ་སླེབས་པའི་ཟས་རིགས་ནི་སྔ་ཕྱི་ལྟར་རིམ་པར་ཆགས་ཡོད་དེ། སྔོན་ལ་སླེབས་པའི་ཟས་རིགས་དེ་ཕོ་བའི་ནང་ངོས་དང་འཕྲད་སྔ་བ་དང་། རྗེས་སུ་སླེབས་པའི་ཟས་རིགས་དེ་ཕོ་བའི་དཀྱིལ་དུ་གནས་པས། དང་པོར་ཕོ་བའི་འབྱར་རྩི་དང་མི་འཕྲད། དེ་བས་ཕོ་རྩིར་གནོད་སླ་བའི་སྨན་གྱི་རིགས་དེ་མ་ཟོས་སྔོན་ལ་བསྟེན་ན་བཟང་ཞིང་། ཕོ་བར་གནོད་སླ་བའི་སྨན་གྱི་རིགས་ནི་ཟས་རྗེས་སུ་བསྟེན་ན་ལེགས།

མཉམ་འཇོག་དགོས་པ་ཞིག་ལ། ཟས་སྔོན་ལ་བསྟེན་པའི་སྨན་ནི་སྤྱིར་བཏང་སྐར་མ་བཅོ་ལྔ་ནས་སུམ་ཅུའི་སྔོན་དུ་བསྟེན་ན་ལེགས། ཕོ་རྒྱུའི་དྲོད་གསོ་བའི་སྨན་དང་ཕོ་བའི་འབྱར་རྩི་སྲུང་བའི་སྨན། མཁྲིས་བདེ་སྨན། ལུད་པ་སེལ་བའི་སྨན་སོགས་ནི་དེའི་རིགས་སུ་གཏོགས། ཟས་དང་མཉམ་དུ་བསྟེན་པའི་སྨན་ནི་ཟས་དང་མཉམ་དུ་བསྟེན་དགོས་པ་གདོན་མི་ཟ་ཡང་། ཟས་རྗེས་སུ་བསྟེན་པའི་སྨན་ནི་ཟ་མ་ཟོས་མ་ཐག་ཏུ་བསྟེན་པ་མ་ཡིན་པར། སྐར་མ་བཅོ་ལྔ་ནས་སུམ་ཅུའི་རྗེས་སུ་བསྟེན་ན་ལེགས། དེ་ལ་ཕོ་རྒྱུ་ལ་གནོད་པ་ཅུང་ཆེ་བའི་སྨན་གྱི་རིགས་དང་། གཞན་ཡང་འཚོ་རྒྱུའི་རིགས་ཀྱི་སྨན་ཡང་ཟས་རྗེས་སུ་བསྟེན་ན་འཇུ་ལེན་བྱེད་སླ། རེད་དེ། ནད་པའི་སྐྱེ་ལུགས་དང་ནད་འགྱུར་ཏེ། ཕོ་བའི་ཆེ་ཆུང་དང་ཟགས་ཐོན་གྱི་མང་ཉུང་། སྙིགས་འདོར་གྱི་དུས་ཡུན་སོགས་ཀྱི་གནས་ཚུལ་དང་། ཟས་དང་སྨན་གྱི་རོ་ནུས་མི་འདྲ་བའི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་ཀྱང་། ལྟོ་སྟོང་དང་ཟས་ཀྱི་སྔ་རྗེས་སུ་བསྟེན་པའི་སྨན་གྱི་ནུས་པ་ནི་འདྲ་མིན་སྣ་ཚོགས་ཐོན་པར་ངེས། དེ་བས། སྨན་མ་བསྟེན་སྔོན་ལ་སྨན་གྱི་གསལ་བཤད་ཡི་གེར་ཞིབ་ཏུ་བལྟ་དགོས་ལ། སྨན་བསྟེན་དུས་ཀྱང་དེ་ལུགས་བཞིན་བསྟེན་ན་ལེགས། །

རྩོམ་སྒྲིག་པ། འབྲུག་མོ།