བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ་བཅུ་ཅན་གྱི་སློབ་གསོ།
2023.06.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

— ལང་ཚོ་ཆུང་ངུའི་དུས་ལ་སླེབས་པའི་བྱིས་པ་ལོ་བཅུ་ཅན།

བྱིས་པ་ལོ་བཅུ་ཅན་གྱིས་སྤྲོ་སྐྱིད་ལྡན་པའི་བྱིས་དུས་ཀྱི་འཚོ་བ་རོལ་བཞིན། མ་འོངས་པར་སླེབས་ལ་ཉེ་བའི་ན་གཞོན་གྱི་རང་སྣང་ཆེ་བའི་དུས་ལ་རྨང་འདིང་བ་དང་། དེ་སྔའི་བྱིས་དུས་སུ་ཐོབ་པའི་ཉམས་མྱོང་དག་ལེགས་སྒྲིག་བྱེད་བཞིན་ཡོད། བྱིས་པ་ལོ་བཅུ་ཅན་གྱིས་བློ་སེམས་གཅིག་ལ་གཏད་ཐུབ་པ་དང་། ཐ་ན་བྱེ་བྲག་གིས་རང་གི་ནུས་པ་མངོན་ཆོག་པའི་བྱ་བ་སྒྲུབ་པར་དགའ། དཔེར་ན། དཔེ་ཀློག་སྙན་ཞུ། བརྗོད་དོན་སྙན་ཞུ། གཞི་རྩའི་ཞིབ་འཇུག རྩོམ་འབྲི་དང་ཚན་རིག་ཟིན་ཐོ་སོགས་འབྲི་བ་ལྟ་བུ། ཁོ་ཚོས་སློབ་གྲོགས་ལ་ཤེས་བྱ་མཉམ་སྤྱོད་དང་ལྷན་དུ་ཚན་ཆུང་གི་བྱ་བ་ལེགས་འགྲུབ་བྱེད་པར་དགའ། ལོ་བཅུ་ནི་རོལ་རྩེད་རྩེ་བ་དང་ཡུལ་སྐོར་ལ་སོང་ན་འཚམས་པའི་ལོ་ན་ཡིན་པ་དང་། བརྩེ་བའི་སློབ་གསོ་གཏོང་བ་ཆེས་ལེགས་པའི་དུས་སྐབས་ཀྱང་ཡིན། རྒྱུ་མཚན་ནི་སྐབས་འདིར་ཁོ་ཚོ་རང་གི་ལུས་ཕུང་ལ་རང་ངོས་འདུ་ཤེས་ཅུང་སྐྱེ་བཞིན་ཡོད། ཕྱི་རོལ་ཡུལ་གྱི་རོལ་རྩེད་ནི་བྱིས་པ་ལོ་བཅུ་ཅན་ལ་མཚོན་ན་སྔར་བཞིན་ཧ་ཅང་གལ་ཆེན་ཡིན། སློབ་ཁང་ནང་ནས་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། ཡང་ན་ཁོ་ཚོ་ཁྲིད་དེ་རྩལ་སྦྱང་ར་བར་སོང་ནས་སྐོར་བ་གཅིག་རེ་རྒྱུག་ཏུ་བཅུག་ན་ཡང་ཆོག དེ་ལྟར་བྱས་ན་ཁོ་ཚོའི་ལུས་ཕུང་དང་ཀླད་པའི་ཁྲག་དབྱང་གི་གར་ཚད་ཇེ་མཐོར་གཏོང་བར་ཕན་པ་རེད། བྱིས་པ་ལོ་བཅུ་ཅན་ནི་ཚན་ཆུང་བགར་ཏེ་ཕྱི་རོལ་ནས་རོལ་རྩེད་རྩེ་བར་ཧ་ཅང་དགའ་བ་དང་། འགྲན་རྩོད་རང་བཞིན་གྱི་རོལ་རྩེད་དེ། དཔེར་ན། རྐང་གྲུག བདའ་རེས་བྱེད་པ་སོགས་ལྟ་བུ། ཕོ་མོ་སུ་ཡིན་རུང་རོལ་རྩེད་སྣ་ཚོགས་ཀྱི་ཁྲོད་སྤྲོ་སྐྱིད་དང་འཆམ་མཐུན་ངང་ལྷན་གཅིག་ལ་རྩེད་མོར་རོལ་ཐུབ།

གཅིག བྱིས་པ་ལོ་བཅུ་ཅན་གྱི་ལང་ཚོའི་དུས་ཀྱི་སྣང་ཚུལ།

བྱིས་པ་ལོ་བཅུ་ཅན་ལ་རྩལ་སྦྱོང་ནུས་པ་དང་ཞིབ་ཕྲའི་འགུལ་སྐྱོད་ཀྱི་ནུས་པ་ཅུང་དྲག་པོ་ལྡན་པ་དང་། ཁྱད་པར་དུ་རྩལ་ནུས་དང་སེམས་ཤུགས། མཉེན་ཆ། དོ་མཉམ་སོགས་བྱེད་དགོས་པའི་བྱ་འགུལ་ལ་མཉམ་འཇོག་བྱེད་ཐུབ། བྱིས་པ་ལོ་བཅུ་ཅན་ལ་ནར་སོན་པའི་མཚོན་རྟགས་ཡོད་ལ། དཔེར་ན། པགས་ངོས་ན་སྣུམ་མང་བ། དུས་སྐབས་འདིར་དགོང་མ་རེར་དུས་ཚོད་དགུ་ནས་བཅུ་ལ་གཉིད་དེ་ལུས་ཕུང་གི་ཟགས་ཐོན་ལས་སྐྱེ་འཕེལ་སྐུལ་རྒྱུ་འདང་ངེས་ཡོང་བར་ཁག་ཐེག་བྱེད་དགོས།

གཉིས། བྱིས་པ་ལོ་བཅུ་ཅན་གྱིས་འདྲ་མཉམ་རང་བཞིན་གྱི་གྲོས་གཞི་ལ་དོ་ཁུར་ཆེན་པོ་བྱེད།

ཁོ་ཚོས་འདྲ་མཉམ་ཡིན་མིན་ལ་དོ་ཁུར་ཆེན་པོ་བྱེད་པར་མ་ཟད། དེ་ཐག་གཅོད་བྱེད་པའི་ནུས་པ་ཡང་ཡོད། ཁོ་ཚོ་ཁོང་ཁྲོ་ལངས་པ་མགྱོགས་ལ་གཞན་གུ་ཡངས་གཏོང་ཚད་ཀྱང་མགྱོགས། ཚོགས་པའི་བྱ་འགུལ་ལ་དགའ་ཞིང་། འགྲིག་མིན་གྱི་ལྟ་བ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་རང་བཞིན་གྱི་གནད་དོན་ཐག་གཅོད་པར་མཁས་པ་ཡིན། ཁོ་ཚོ་ནི་ཉན་པ་པོ་བཟང་པོ་ཞིག་ཡིན་པ་དང་། དཔེ་ཀློག་གི་འདུན་པ་དྲག་པོ་ལྡན། རང་ཉིད་ཕྱི་ལ་ངོམས་པ་དང་འབྲེལ་འདྲིས་བྱེད་པར་དགའ། མཉམ་ལས་ལ་དགའ་ཞིང་འགྲན་རྩོད་ལ་ཡང་དགའ། མཉམ་ལས་བྱེད་པར་དགའ་བའི་རྩ་བའི་ཁྱད་གཤིས་ཀྱི་དབང་གིས་ཚོགས་པའི་བྱ་འགུལ་དང་འཛིན་གྲྭ་ཐུན་མོང་གི་མཐུན་སྒྲིལ། མཉམ་འབྲེལ་སྒོས་སློབ་སྦྱོང་བྱེད་པར་ཡང་དགའ་བ་རེད། ལོ་ན་འདིར་བྱིས་པས་སློབ་གྲོགས་བར་གྱི་རྩོད་གཞི་དང་འགལ་བ་ཐག་གཅོད་བྱེད་པའི་ནུས་པ་སྦྱོང་བརྡར་བྱས་ན་ཧ་ཅང་འཚམ། མཛའ་མཐུན་དང་འདྲ་མཉམ་རང་བཞིན་གྱི་གནད་དོན་མང་པོ་བྱུང་བ་དེས། ཁོ་ཚོས་ཚོགས་པ་ཚན་ཆུང་རུ་བགོས་ནས་རོལ་རྩེད་དང་འགྲན་རྩོད་ཀྱི་རྣམ་པས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཐབས་ལམ་ལ་སྦྱོང་བརྡར་བྱེད་པ་རེད། བྱིས་པ་ལོ་བཅུ་ཅན་ནི་རང་གི་ནུས་པར་ཕལ་ཆེར་ཡིད་ཚིམ་ལ། དགའ་སྤྲོའི་ངང་གཞན་ལ་མཐུན་པོ་བྱེད་པའི་ནུས་པ་དྲག་པོ་ལྡན་པ་དང་། དགེ་རྒན་གྱི་དོགས་གཞི་དང་ལེན་བྱེད་པར་མ་ཟད་གཞན་ལ་ཡང་བཤད་པ་རེད། སློབ་མ་ཆུང་ཆུང་ཚོའི་དགེ་རྒན་བྱེད་པ་དང་སྡེ་ཁུལ་ནས་ཞབས་ཞུའི་བྱ་བ་ཡང་སྒྲུབ་པར་དགའ། ལོ་ན་འདིར་ངང་ཐུང་ཅན་གྱི་བྱིས་པས་ཧོལ་རྒྱུག་བྱེད་པ་དང་མིག་ཆུ་གཏོང་ཡང་སྲིད་མོད། ཡིན་ཡང་། དུས་ཚོད་ཐུང་ངུའི་ནང་ལ་སླར་གསོ་བྱེད་ཐུབ་པ་རེད།

གསུམ། བྱིས་པ་ལོ་བཅུ་ཅན་གྱིས་རང་ཉིད་སུ་ཡིན་པ་སྔར་ལས་གསལ་བོར་རྟོགས།

ལོ་བཅུ་ཡི་སྐབས་སུ་བྱིས་པ་རྣམས་ཀྱིས་རང་ཉིད་སུ་ཡིན་པ་ཤེས་ལ། བྱིས་པ་མང་པོ་ཞིག་གིས་མ་འོངས་པར་སློབ་འབྲིང་གང་ནས་སློབ་སྦྱོང་བྱེད་དགོས་པར་བསམ་བློ་གཏོང་བར་མ་ཟད། སྤྱི་ཚོགས་ཀྱི་འབྲེལ་བ་གསར་པ་གྲུབ་མགོ་རྩོམ་པ་རེད། ཁོ་ཚོའི་ཡིད་འཛིན་ཤིན་ཏུ་བཟང་ལ། དོན་སྤྱིའི་བསམ་གཞིག་གི་ནུས་པ་སྔར་ལས་ལེགས་པ་དང་། འཆར་འགོད་དང་གཏན་ཚིགས་ལ་དགའ་ཞིང་། རིགས་དབྱེ་དང་འཚོལ་ཞིབ་ལ་མོས་པ་ཆེན་པོ་སྐྱེས་ལ། ཁོ་ཚོས་རང་གི་བསླབ་གནས་ཀྱི་གྲུབ་འབྲས་གཟི་བརྗིད་དུ་རློམ།

བཞི། བྱིས་པ་ལོ་བཅུ་ཅན་གྱི་སེམས་ཁམས་ཀྱི་གནད་དོན།

དུས་རིམ་འདི་ལ། བུ་མོ་མང་པོ་ཞིག་ལང་ཚོའི་དུས་ལ་སླེབས་པ་དང་། རིམ་བཞིན་ལུས་ཁམས་ལ་འགྱུར་ལྡོག་འབྱུང་བ་རེད། ཁོ་མོ་ཚོ་ལུས་ཕུང་གི་འགྱུར་ལྡོག་ཆེན་པོ་དང་འཚོ་བའི་ཁྲོད་ཀྱི་འགྱུར་ལྡོག་ཆེན་པོར་འཕྲད་པ་ན། སེམས་ཁམས་ལ་གཡོ་འགུལ་ཐེབས་པ་རེད། སྐབས་ལ་ལར་སེམས་འཚབ་པ་དང་དོགས་པ་ཟ་བ། སེམས་ཁྲལ། མགོ་འཐོམས་པ་སོགས་ཀྱི་སེམས་ཁམས་ཡོད། སེམས་ཁམས་འདི་དག་གིས་སྤྱི་ཚོགས་འབྲེལ་འདྲིས་ལ་བཀག་འགོག་བྱེད་ངེས། ལྷག་པར་དུ་བྱིས་པ་ལོ་བཅུ་ཅན་གྱི་བཀག་རྒྱ་ལས་ཐར་ཐབས་བྱེད་པ་དང་། མི་དར་མའི་བསམ་འཆར་སྣང་མེད་དུ་འཇོག འདིས་ཕ་བུའི་འབྲེལ་བ་ཛ་དྲག་ཏུ་འགྱུར་བ་རེད། དུས་སྐབས་འདིར་ཕ་མས་བྱིས་པར་བསམ་ཤེས་བྱེད་དགོས་པ་དང་། བྱིས་པ་སེམས་ཁམས་མི་སྐྱིད་པ་ལས་ཐར་བར་རོགས་རམ་བྱེད་དགོས། དཔེར་ན། རེ་ཐག་ཆད་པ། ཁོང་ཁྲོ་ལངས་པ། སེམས་ཁྲལ་ཆེ་བ། ཡི་མུག་པ། བློ་ཕམ་པ་སོགས་ལྟ་བུ།

ལྔ།  བྱིས་པ་ལོ་བཅུ་ཅན་གྱི་འབྲི་ཀློག

ཁོ་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལག་གི་བྱ་བ་སྒྲུབ་ཐུབ་པ་དང་། ཞིབ་ཕྲའི་འགུལ་སྐྱོད་ཀྱི་རྩལ་ནུས་མཐོར་འདེགས་བྱུང་བ་དང་ལྷན་དུ། ས་ཁྲ་དང་འགུལ་རིས་མི་སྣ་ལད་འབྲི་བྱེད་པར་ཧ་ཅང་དགའ། རང་ཉིད་གཅིག་པུས་སློབ་གྲྭའི་ལས་བྱ་འབྲི་ཐུབ་པ་དང་། ཁྱིམ་ཚང་ལས་བྱར་འགན་འཁུར་བ་དང་སྒྲིག་སྟངས་དང་སྒྲིག་གཞི་ལ་མཉམ་འཇོག་བྱེད་པ་རེད། རང་འགུལ་གྱིས་སློབ་སྦྱོང་བྱེད་ལ་བློ་འཛིན་ནི་སློབ་སྦྱོང་གི་ཐབས་ལམ་ལེགས་ཤོས་ཤིག་ཡིན། ས་ཁམས་དང་ལོ་རྒྱུས། གྲངས་རིག གློག་ཀླད། གློག་རྡུལ་རོལ་རྩེད་སོགས་ལ་དགའ་བ་དང་། ཁོ་ཚོས་ཞིབ་ཕྲའི་ངང་རིགས་དབྱེ་རིམ་བགར་བྱེད་ཐུབ་པ་དེས་རིག་ཚན་དང་གྲངས་རིག་གི་ཆེད་དོན་བྱ་བ་ལེགས་པོར་སྒྲུབ་པར་ཕན་ཐོགས་པ་རེད། སྙན་ཚིག་ལ་དགའ་ཞིང་བློ་འཛིན་དང་གྱེར་འདོན་ལ་ཡང་དགའ། དུས་སྐབས་འདིར་བརྗོད་དོན་སྣ་ཚོགས་ཀྱི་དཔེ་ཆས་བྱིས་པའི་སྤྲོ་བ་བསྐྱེད་ཆོག རང་ཉིད་གཅིག་པུས་དཔེ་ཀློག་བྱེད་པར་དགའ་ལ། དཔེ་དེབ་གཅིག་ལ་གཅིག་མཐུད་ནས་བལྟས་ཚར་བར་བྱེད།

དྲུག བྱིས་པ་ལོ་བཅུ་ཅན་གྱི་གྲོགས་པོའི་འབྲེལ་བ།

བྱིས་པ་ལོ་བཅུ་ཅན་གྱི་ཕོ་མོ་རིགས་མཐུན་པའི་གྲོགས་པོའི་འབྲེལ་བ་སྔར་ལས་དམ་ཟབ་ཡིན། ཁོ་ཚོར་གཞན་གྱི་དོ་སྣང་ཚུར་ལ་འགུག་པའི་བྱ་སྤྱོད་ཡོད་པ་དང་། ཕོ་མོ་རིགས་མི་མཐུན་པར་སྤྲོ་བ་སྐྱེ་ངེས། བུ་མོ་ཡིས་མགོ་འཕྲུག་པ། མིག་མདའ་འཕེན་པ། འཛུམ་མདངས་སྟོན་པ་ལྟ་བུ། བུ་ཆུང་གིས་རང་གི་སྟོབས་ཤུགས་དང་གཟི་ཉམས་ངོམས་པ་ལྟ་བུ། ཁོ་ཚོས་གཞན་གྱི་སེམས་ཁམས་དང་ཡན་ལག་གི་སྐད་ཆས་མཚོན་པའི་དོན་རྟོགས་པར་མ་ཟད་འོས་འཚམ་གྱི་ཕྱིར་ལན་སྤྲོད་ཐུབ། དུས་མཚུངས་སུ། རང་དང་ཕ་མ། ཕུ་ནུ་ལྕམ་སྲིང་བར་གྱི་འབྲེལ་བ་ཟབ་པ་ཤེས་ཐུབ།

བདུན།  བྱིས་པ་ལོ་བཅུ་ཅན་གྱི་ཕ་མས་མཉམ་འཇོག་བྱེད་དགོས་ས་གང་ཡོད།

བྱིས་པར་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་པར་སྐུལ་མ་དང་། ལས་བྱ་ལེགས་འགྲུབ་བྱེད་དགོས་པའི་དུས་ཚོད་གཏན་འཁེལ་བྱེད་དགོས། བྱིས་པར་སློབ་སྦྱོང་གི་སྒྲིག་སྲོལ་གཏན་འབེབས་བྱེད་པ། དཔེར་ན། ཁྱིམ་ཚང་གི་ལས་བྱ་འབྲི་བའི་སྐབས་ཁ་པར་མི་རྩེ་བ་དང་། བརྙན་འཕྲིན་ལ་མི་བལྟ་བ། ལས་བྱ་དང་འབྲེལ་མེད་ཀྱི་བྱ་བ་མི་སྒྲུབ་པ་སོགས་ལྟ་བུ། །

རྩོམ་སྒྲིག་པ། འབྲུག་མོ།