བང་ནང་དུ་སྡོད་སྐབས་ཀྱི་རྒྱུན་མཐོང་ནད་རྟགས་དང་གསོ་བཅོས་བྱ་ཐབས།
2023.06.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

སྦྲུམ་མས་ཟླ་དགུ་ཞག་བཅུར་མངལ་དུ་ཁུར་རྗེས་དུས་ཡུན་ཐུང་ཐུང་ནང་བྱིས་པ་བཙས་པ་ཡིན་པས། ལུས་ཤུགས་མང་པོ་ཟད་ནས་ལུས་ཐང་ཆད་པ་དང་། བུ་སྣོད་དང་སྐྱེ་ལམ་གྱི་རྨ་ཁ་སླར་གསོ་བྱེད་པ། ལུས་ཡོངས་ཀྱི་མ་ལག་སོ་སོའི་སྐྱེ་ལུགས་འགྱུར་ལྡོག་ཀྱང་ཡང་བསྐྱར་སླར་གསོ་བྱེད་དགོས་པ་བཅས་དང་། ད་དུང་སྐབས་དེར་ནད་འགོག་ནུས་ཤུགས་ཉམས་ཞན་དུ་གྱུར་ཡོད་པས་བླ་གཉན་ནད་འབྱུང་སླ། དཔེར་ན། བྱིས་པ་བཙའ་སྐབས་ཁྲག་མང་པོ་ཤོར་བས་ཟླ་མཚན་འགག་པ་དང་ཟུངས་ཁྲག་ཞན་པ། རྒས་ཟད་འབྱུང་བ་དང་། བཙས་གཞུག་རེད་པས་ཁམས་འདྲེན་སྦུ་གུ་འགག་སྟེ་མངལ་མི་ཆགས་པ། ཟླ་མཚན་མི་འབབ་པ་སོགས་མོ་ནད་མང་པོ་འབྱུང་སྲིད། བཙས་རྗེས་བདུན་ཕྲག་གཉིས་ནས་གསུམ་ནང་ཁྲག་ཤོངས་ཚད་སླར་སོས་ཤིང་སྙིང་གི་ཁུར་བོ་ཇེ་ལྕི་རུ་འགྲོ་བས་སྙིང་ནད་ཡོད་པའི་བང་མར་སྐབས་འདིར་སྙིང་ཤུགས་ཉམས་ཟད་ཀྱི་ནད་ཤིན་ཏུ་འབྱུང་སླ། བང་མའི་བདེ་ཐང་གནད་དོན་ཐད་བྱིས་པ་བཙས་པ་ན་བྱ་བ་ཡོད་ཚད་བདེ་ལེགས་ངང་གྲུབ་པ་གཏན་ནས་མིན། དེ་བས་བང་ནང་དུ་སྡོད་སྐབས་ཁམས་གསོ་དང་བདེ་སྲུང་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་། བང་ནང་དུ་སྡོད་སྐབས་རྒྱུན་ལྡན་མིན་པའི་ནད་རྟགས་བྱུང་ན་དུས་ཐོག་ཏུ་གསོ་བཅོས་བྱེད་པ་ལས་ལྷོད་གཡེང་དང་སྣང་ཆུང་བྱེད་མི་རུང་།

གཅིག  བཙས་གཞུག་ཁྲག་མང་པོ་ཤོར་བ།

བྱིས་པ་བཙས་རྗེས་ཁྲག་མང་པོ་ཤོར་བར་དུས་ཚོད་མི་འདྲ་བའི་ཆ་ནས་བཙས་གཞུག་གི་ཐོག་མའི་ཁྲག་ཤོར(བྱིས་པ་བཙས་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་ཁྲག་ཤོར་ཚད་ཧའོ་ཧྲིན500དང་ཡང་ན་དེ་ལས་བརྒལ་བ)དང་རྗེས་ཀྱི་ཁྲག་ཤོར་ཏེ(བཙས་གཞུག་གི་དུས་ཚོད་ཉེར་བཞི་ནས་བཟུང་ཉིན་ཞེ་གཉིས་བར་ཁྲག་མང་པོ་ཤོར་མཁན)གཉིས་སུ་དགར་ཆོག

1.བཙས་གཞུག་གི་ཐོག་མའི་ཁྲག་ཤོར།

བཙས་གཞུག་གི་ཐོག་མའི་སྐབས་སུ་ཁྲག་ཤོར་བ་ནི་སྦྲུམ་མའི་རྒྱུན་མཐོང་གི་ནད་ཅིག་ཡིན་ལ། དེ་ནི་ཉེན་ཁ་ཤིན་ཏུ་ཆེ་བས་རང་རྒྱལ་གྱི་སྦྲུམ་མའི་ཤི་རྐྱེན་ཆེས་མཐོ་བའི་ནད་ཅིག་ཡིན། རྒྱུན་པར་བཙས་གཞུག་གི་དུས་ཚོད་གཉིས་ནང་འབྱུང་བ་ཡིན། གལ་ཏེ་སྨན་ཁང་དུ་བྱིས་པ་བཙས་པ་ཡིན་ན་སྨན་པ་དང་ནད་གཡོག་ལ་དེའི་སྐོར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་འགོག་བཅོས་བཟང་པོ་བྱས་ནས་ཉེན་ཁ་ལས་ཐར་ཐུབ། རང་ཁྱིམ་མམ་ཆ་རྐྱེན་ཅུང་ཞན་པའི་སྨན་ཁང་དུ་བྱིས་པ་བཙའ་མཁན་དག་དགོས་ངེས་ཀྱི་མྱུར་སྐྱོབ་སྒྲིག་ཆས་མེད་པ་དང་ལག་རྩལ་ཞན་པས་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་མ་ཐུབ་པར་བཟློག་ཐབས་མེད་པའི་མཇུག་འབྲས་བཟོས་པ་དང་ཡང་ན་ནད་རྔ་ལུས་ནས་དེ་དང་བསྡོངས་པའི་ནད་རིགས་གཞན་པ་གང་མང་བསྐྱེད་སྲིད། དེ་བས་སྔ་མོ་ནས་སྨན་ཁང་དུ་སོང་ནས་བྱིས་པ་བཙའ་དགོས་པ་དང་། ལྷག་པར་དུ་བཙས་གཞུག་ཁྲག་ཤོར་ཉེན་ཆེ་བའི་སྦྲུམ་མ་ཡིན་ན་སྔ་མོ་ནས་ཁྲག་ཤོར་མྱུར་སྐྱོབ་ཀྱི་ཆ་རྐྱེན་འཛོམས་པའི་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་བྱིས་པ་སྐྱེ་ན་འགྲིག

2.བཙས་གཞུག་གི་རྗེས་ནས་ཁྲག་ཤོར་བ།

བྱིས་པ་བཙས་རྗེས་ཀྱི་ཉིན་གཉིས་པ་ནས་བཟུང་ཉིན་ཞེ་གཉིས་འགོར་བའི་རིང་ཁྲག་ཤོར་བའི་རྒྱུ་རྐྱེན་ནི། གཅིག་ནས་བུ་རོགས་དང་སྦྲུམ་སྐྱིའི་ཕུང་གྲུབ་ཆ་ཤས་ལུས་ནས་བུ་སྣོད་རང་སར་གནས་པར་ཤན་ཤུགས་ཐེབས་པ། གཉིས་ནས་བུ་སྣོད་ནང་གི་བུ་རོགས་འབྱར་གནས་སུ་རང་སར་མ་གནས་པ། གསུམ་ནས་རེད་པས་བུ་སྣོད་ནང་སྐྱིར་གཉན་ཚད་རྒྱས་སུ་བཅུག་པ། བཞི་ནས་མངལ་ཁོག་དང་ཡང་ན་སྐྱེ་ལམ་ནང་གི་ཁྲག་སྐྲངས་རྡོལ་ནས་ཁྲག་ཤོར་བ། ལྔ་ནས་སྐྱེ་ལམ་གཤགས་པ་དང་གས་པ་ཡང་ན་གཤགས་བཅོས་ཀྱི་རྨ་ཁ་མ་སོས་པར་གས་ཚེ་ཡང་གློ་བུར་དུ་ཁྲག་ཤོར་སྲིད། བཙས་གཞུག་གི་རྗེས་ནས་ཁྲག་ཤོར་བ་སྔོན་འགོག་བྱེད་ན། གཙོ་བོ་བུ་རོགས་དང་སྦྲུམ་སྐྱི་བུ་སྣོད་ནང་ལུས་སུ་མི་འཇུག་པ་དང་རེད་པ་སྔོན་འགོག་བྱ་རྒྱུ་དེ་ཡིན། བཙས་གཞུག་ཏུ་ཁྲག་ཤོར་བ་དེ་ཐོག་མའི་དུས་དང་ཡང་ན་རྗེས་ནས་ཤོར་བ་གང་ཡིན་རུང་། ཁྲག་ཤོར་སྟངས་ནི་གཙོ་བོ་གློ་བུར་དུ་སྐྱེ་ལམ་ནས་བསམ་དབང་དྲན་དབང་མེད་པར་ཁྲག་མང་པོ་བཞུར་བ་དང་བང་མ་དེ་མ་ཐག་བརྒྱལ་བར་གྱུར་ནས་ངོ་གདོང་སྐྱ་བོར་འགྱུར་བ་དང་རྔུལ་ཆུ་བཞུར་བ། གྲང་ཤུམ་བྱེད་པ། རྩ་རྒྱུད་ཕྲ་ཞིང་མགྱོགས་པ། སྙིང་མི་བདེ་བ་སོགས་བྱུང་ནས་སྨན་པས་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་དགོས།

བཙས་གཞུག་ཏུ་ད་དུང་ཁྲག་ཤོར་སྟངས་གཞན་ཞིག་ཡོད་པ་ནི་སྐྱེ་ལམ་ནས་ཁྲག་ཉུང་ངུ་ཙམ་མཚམས་མི་ཆད་པར་བཞུར་བ་ཡིན། རྒྱུན་པར་འདིའི་རིགས་ལ་ཁྲག་བཞུར་བ་ཉུང་གི་བསམ་ནས་སྣང་མེད་དུ་བཞག་སྟེ་གསོ་བཅོས་མི་བྱེད་པ་རེད། འདི་ལྟར་བྱས་ན་དང་ཐོག་བང་མའི་ལུས་ཕུང་ལ་གནོད་པ་ཆེན་པོ་མེད་རུང་། ཡུན་རིང་འགོར་ནས་བང་མར་ནད་རྟགས་མངོན་དུས་ཟུངས་ཁྲག་ཉམས་པ་ཚབས་ཆེ་བར་མ་ཟད་བརྒྱལ་ཡང་སྲིད། སྐབས་འདིར་མྱུར་སྐྱོབ་དང་ཁྲག་རྒྱག་དགོས་པས། དུས་ཚོད་དང་མི་ཤུགས། རྒྱུ་ཤུགས་བཅས་འགྲོ་སོང་མང་པོ་གཏོང་དགོས། དེའི་རྐྱེན་གྱིས་བཙས་གཞུག་བང་མའི་སྐྱེ་ལམ་ནས་ཁྲག་བཞུར་བ་རིགས་གང་ཡིན་ཡང་སྔ་མོ་ནས་དོ་སྣང་བྱེད་དགོས་པར་མ་ཟད་གསོ་བཅོས་བྱེད་དགོས། གནའ་མིའི་ཁ་དཔེ་ལ། ཆུ་མ་ཡོང་གོང་གི་རགས་ཟེར་བ་ལྟར་བཙས་གཞུག་ཏུ་སྐྱེ་ལམ་ནས་ཁྲག་བཞུར་བའི་རིགས་གང་ཡིན་རུང་སྔོན་འགོག་དང་གསོ་བཅོས་ལེགས་པོ་བྱེད་དགོས།

3.བཙས་གཞུག་ཁྲག་མང་པོ་ཤོར་བར་སྔོན་འགོག་དང་བདེ་སྲུང་བྱེད་ཐབས།

གཅིག་ནས་བང་མའི་སྐྱེ་ལམ་ནས་ཁྲག་འབབ་པའི་གནས་ཚུལ་ལ་དོ་སྣང་དགོས། བཙས་གཞུག་གི་ཐོག་མའི་དུས་སྐབས་དང་རྗེས་མའི་ཁྲག་ཤོར་གང་ཡིན་རུང་སྐྱེ་ལམ་ནས་བཞུར་བའི་རང་བཞིན་གྱི་ཁྲག་འབབ་པ་ལ་དོ་སྣང་བྱེད་དགོས། བང་མ་ཁ་ཤས་ཀྱིས་བཙས་གཞུག་གི་ཁྲག་ཤོར་བ་ནི་རྒྱུན་ལྡན་ཡིན་ལ་དེ་བཞུར་འོས་པའི་ཁྲག་སྙིགས་ཡིན་པར་འདོད་དེ་དོ་སྣང་ཆེན་པོ་མི་བྱེད། རྗེས་སུ་མངོན་རྟགས་ཚབས་ཆེན་དུ་གྱུར་ཚེ་ད་གཟོད་སྨན་པར་བསྟན་ན་ནད་བབ་འགོར་འགྱངས་སུ་བཏང་ཡོད་པ་རེད། དོན་དངོས་སུ་བཙས་གཞུག་སྐྱེ་ལམ་ནས་ཁྲག་བཞུར་བ་ནི་ཁྲག་སྙིགས་གཏན་ནས་མིན་ལ་དེ་ནི་མིའི་ལུས་སྟེང་གི་རྩ་ཆེན་ནས་ཁྲག་ཐོན་པ་ཡིན། བཙས་གཞུག་བུ་སྣོད་རྒྱུན་ལྡན་གྱིས་རང་སར་བསྐུམ་པའི་གོ་རིམ་ཁྲོད་བུ་རོགས་དང་བུ་སྣོད་ངོས། མངལ་སྐེ་དང་སྐྱེ་ལམ་གྱི་གནས་གཤགས་པའི་རྨ་ཁ་ཆུང་ངུ་ཚང་མ་ནས་ཁྲག་འབྱུང་སྲིད་མོད། རྒྱུན་ལྡན་ཡིན་ན་འདིའི་རིགས་ཀྱི་ཁྲག་གི་འབབ་ཚད་ཅུང་ཉུང་བས་ནད་རྟགས་འབྱུང་མི་སྲིད། དེ་བས་གལ་ཏེ་བཞུར་བའི་རང་བཞིན་གྱི་ཁྲག་ཅུང་བབ་ཚེ། རབ་ཡིན་ན་སྨན་པར་བསྟན་ནས་བརྟག་དཔྱད་བྱེད་དགོས།

གཉིས་ནས་བཙས་གཞུག་གི་ཐོག་མའི་དུས་སྐབས་སུ་རྩོལ་བཅག་རན་པར་བསྟེན་དགོས། གལ་ཏེ་བང་མར་ཚ་རྒྱས་པ་དང་ཁྲག་ཤེད་མཐོ་བ། ཁྲག་ཤོར་བ་བཅས་ཀྱི་སྣང་ཚུལ་བྱུང་ཡོད་ཚེ། སྔ་མོ་ནས་འགུལ་སྐྱོད་བྱེད་མི་རུང་ལ་བཙས་གཞུག་ཏུ་རྩོལ་བཅགས་མང་པོ་མི་རུང་། འགུལ་སྐྱོད་བྱས་རྗེས་ཁྲག་བཞུར་ཚད་ཇེ་མང་དུ་འགྲོ་བའམ་ཡང་ན་ངལ་དུབ་བྱུང་ཚེ་འགུལ་སྐྱོད་ཇེ་ཉུང་ངམ་མཚམས་འཇོག་དགོས།

གསུམ་ནས་བང་མས་དུས་ཚོད་མང་པོར་ངལ་གསོ་བར་ཁག་ཐེག་བྱེད་དགོས། བཙས་གཞུག་ཏུ་དགའ་དྲགས་པ་དང་འགུལ་སྐྱོད་མང་དྲགས་པ། ཡང་ན་ཁམས་བདེ་འཚམས་འདྲི་བྱེད་དུ་ཡོང་མཁན་མང་དྲགས་པ་བཅས་ལ་འཛེམ་ནས། བང་མར་གཉིད་པ་དང་ངལ་གསོ་བའི་དུས་ཚོད་མང་པོ་ཞིག་ཡོད་པར་ཁག་ཐེག་བྱེད་དགོས།

བཞི་ནས་སྨན་ཁང་ནས་བུད་རྗེས་སྨན་པའི་བཤད་པ་བཞིན་དུས་ལྟར་བཙས་གཞུག་གི་བརྟག་དཔྱད་བྱ་དགོས། གནད་དོན་ཡོད་ཚེ་དུས་ཐོག་ཏུ་སྨན་པར་འབྲེལ་གཏུག་བྱེད་དགོས་ཤིང་། བུ་སྣོད་དུ་བུ་རོགས་ལུས་ཡོད་པར་དོགས་པ་ཡོད་ནBསྒྲ་རླབས་ལས་བརྟག་དཔྱད་བྱེད་དགོས།།

《བང་མའི་བདེ་སྲུང་ཤེས་བྱ》ཞེས་པའི་དཔེ་དེབ་ལས་བདམས། 

རྩོམ་སྒྲིག་པ། འབྲུག་མོ།