སྨན་རྫས་ཀྱིས་བཟོས་པའི་མཆིན་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
2023.06.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

སྨན་རྫས་ཀྱིས་བཟོས་པའི་མཆིན་ནད་ནི་ནད་ཐོག་ལག་ལེན་ཁྲོད་རྒྱུན་དུ་མཐོང་བའི་སྨན་རྫས་ཀྱི་ཞོར་སྐྱོན་རིགས་ཀྱི་ནད་ཅིག་ཡིན་ལ། ནད་ཐོག་མངོན་ཚུལ་ལ་མི་འདྲ་བ་སྣ་ཚོགས་ཡོད། སྨན་རྫས་ཀྱིས་བཟོས་པའི་མཆིན་ནད་ནི་སྤྱིར་བཏང་གིས་སྨན་འཐུང་ནས་ཉིན་འགའ་དང་ཡང་ན་ཟླ་འགའ་འགོར་རྗེས་འབྱུང་ཞིང་། ནད་པ་མང་ཆེ་ཤོས་ལ་ནད་རྟགས་གསལ་པོ་ཞིག་མེད་པར། དྭངས་ཁྲག་ཨེམ་སྐྱུར་རྩབས་དང་བུལ་གཤིས་ལིན་སྐྱུར་རྩབས།མཁྲིས་པའི་དམར་རྒྱུ་སོགས་ཀྱི་མཆིན་པའི་བྱེད་ལས་དམིགས་ཚད་རྒྱུན་ལྡན་མི་ཡོང་བ་དང་། ནད་པ་ཁ་ཤས་ཤིག་ལ་དེ་དང་མཉམ་དུ་ཐང་ཆད་པ་དང་ཡི་ག་མེད་པ། སྐྱུགས་མེར་ལངས་པ། གསུས་སྟོད་མི་བདེ་བ། པགས་ནད་འབྱུང་བ། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། ནད་པ་ཉུང་ཤས་ལ་མཁྲིས་སེར་དང་ཁྲག་དཀག་གྲུབ་ལུགས་རྒྱུན་ལྡན་མིན་པ། མཆིན་གཤིས་ཀླད་ནད། འཇུ་ལམ་གོང་མ་ནས་ཁྲག་རྡོལ་བ་སོགས་ཀྱི་ནད་རྟགས་མངོན།

སྨན་མང་པོ་ཞིག་ལ་དུག་གཤིས་ངེས་ཅན་ཞིག་ལྡན་པ་བདེན་མོད། འོན་ཀྱང་ཚང་མས་སྨན་པའི་མངགས་བཅོལ་ལྟར་ལུགས་མཐུན་གྱིས་བསྟེན་ན་སྨན་རྫས་ཀྱིས་བཟོས་པའི་མཆིན་ནད་འགོག་ཐུབ། གཙོ་བོ་གཤམ་གྱི་གནད་འདི་གསུམ་ལ་མཉམ་འཇོག་དགོས།

གཅིག དམངས་ཁྲོད་ཀྱི་སྨན་སྦྱོར་དང་བརྡ་ཁྱབ་སོགས་ལ་གང་འདོད་དུ་ཡིད་ཆེས་མི་རུང་། རྨོངས་ཚོད་ཀྱིས་རྩྭ་སྨན་དང་དེའི་རིགས་ཀྱི་སྨན་རྫས་མི་བསྟེན་པ་དང་། གྲུབ་ཆ་མི་གསལ་བའི་སྨན་རྫས་རབ་ཡིན་ན་མ་བསྟེན་ན་ལེགས། གཉིས། གལ་ཏེ་ངེས་པར་བསྟེན་དགོས་པ་བྱུང་ན་བསྟེན་ཐབས་དང་བསྟེན་ཚད་སོགས་སྨན་པར་ཞིབ་མོ་འདྲི་དགོས། གསུམ། ཡུན་རིང་དུ་སྨན་བསྟེན་པའི་ནད་པས་དུས་བཅད་ལྟར་མཆིན་པའི་བྱེད་ནུས་ལ་བརྟག་པ་དང་། གནད་དོན་ཡོད་པ་ཤེས་ན་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་དགོས། གལ་ཏེ་སྨན་རྫས་ཀྱིས་མཆིན་པར་གནོད་འཚེ་བཏང་ཟིན་པ་ཤེས་ན་མྱུར་དུ་སྨན་འཐུང་མཚམས་འཇོག་དགོས་པར་མ་ཟད། འཆར་གཞི་ཡོད་པ་དང་ཕྱོགས་ཡོངས་ཀྱི་སྒོ་ནས་གསོ་བཅོས་བྱས་ཏེ། ནད་གཞི་ཇེ་ལྕི་དང་ཡང་ན་སྦྲགས་ནད་འབྱུང་བ་སྔོན་འགོག་བྱེད་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།