གཅིན་སྙི་ཟ་ཁུའི་ནད་པས་འབྲས་སྐྲན་ལ་མཉམ་འཇོག་དགོས།
2023.06.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

གཅིན་སྙི་ཟ་ཁུའི་ནད་པར་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ།

2022ལོའི་རྒྱལ་ཡོངས་མཆེད་ནད་རིག་པའི་བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། རང་རྒྱལ་དུ་གཅིན་སྙི་ཟ་ཁུ་བྱུང་ཡོད་པའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་འབུམ་བརྒྱད་ཙམ་ལ་བུད་ཡོད་པ་དང་། གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་ཚད12.85%ལ་བུད་ཅིང་། གཅིན་སྙི་ཟ་ཁུའི་ནད་ཀྱི་སྔ་དུས་ནད་པའི་འབྱུང་ཚད35.2%ལ་སླེབས་ཡོད། གཅིན་སྙི་ཟ་ཁུ་ནི་དལ་གཤིས་ནད་རིགས་ཤིག་ཡིན་ལ། གལ་ཏེ་གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་ཧྭགས་ལ་དུས་ཡུན་རིང་པོར་ཚོད་འཛིན་མ་བྱས་ན། གཅིན་སྙི་ཟ་ཁུའི་དབང་གིས་རྐང་པ་ན་བ་དང་མིག་སྐྱིའི་གཉན་ཚད་འབྱུང་བ་སོགས་ཀྱི་སྦྲགས་ནད་མང་པོ་འབྱུང་ཞིང་། ཐ་ན་ཚེ་སྲོག་ལའང་གནོད་པ་ཡོད། གཅིན་སྙི་ཟ་ཁུའི་ནད་ཀྱིས་སྦྲགས་ནད་སློང་བར་མ་ཟད། འབྲས་སྐྲན་འབྱུང་བའི་ཉེན་ཁའང་ཇེ་མཐོར་འགྲོ་བ་རེད།

གཅིན་སྙི་ཟ་ཁུའི་ནད་པར་འབྲས་སྐྲན་འབྱུང་བའི་ཉེན་ཁ་སྤྱིར་བཏང་གི་མི་ལས་མངོན་གསལ་གྱིས་མཐོ་བ་རེད། ཉེ་ཆར། ལོ་ངོ་ཉི་ཤུའི་རིང་ལ་བརྟག་པའི་དབྱིན་ཇིའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ལོ་ཚོད་རེ་རེའི་ཤི་ཚད་མར་བབས་ཡོད་ནའང་། འབྲས་སྐྲན་གྱིས་ཤི་བའི་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། འབྲས་སྐྲན་ནི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ཤི་རྐྱེན་གཙོ་བོར་གྱུར་ཡོད་ལ། ཐ་ན་ཀླད་སྙིང་ཁྲག་རྩའི་ནད་ལས་ཀྱང་བརྒལ་ཡོད།

ལོ་ངོ་སུམ་ཅུའི་རིང་ལ་རྗེས་འདེད་བཅར་འདྲི་བྱས་པའི་རང་རྒྱལ་གྱི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན། ཁྲག་ཧྭགས་མཐོ་བ་དང་ཤན་གླིང་རྒྱུ་མཐོ་བའི་ཁྲག་ནད་ཀྱིས་གཅིན་སྙི་ཟ་ཁུའི་སྔ་དུས་ནད་པར་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་བཏང་ཡོད་ཅིང་། རྒྱུན་ལྡན་གྱི་མི་ཚོགས་དང་བསྡུར་ན། མངར་ཆའི་བཟོད་ཚད་ལ་གནོད་འཚེ་ཐེབས་ཚད་དང་གཅིན་སྙི་ཟ་ཁུའི་ནད་པར་འབྲས་སྐྲན་འབྱུང་བའི་ཉེན་ཁ་སོ་སོར77%དང་ལྡབ2.34ཇེ་མཐོར་སོང་ཡོད། མངར་ཆའི་བཟོད་ཚད་ལ་གནོད་པ་ཐེབས་ཏེ་གཅིན་སྙི་ཟ་ཁུ་རུ་གྱུར་རྗེས། མི་འདིའི་རིགས་ལ་འབྲས་སྐྲན་འབྱུང་བའི་ཉེན་ཁ་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བཞིན་ཡོད།

སྐྱེས་པ་རྣམས་ལ་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་བྱུང་ན་འབྲས་སྐྲན་རིགས་བཅུ་གཅིག་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་དང་། དེའི་ནང་དུ་ཆུ་རྨེན་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེས་མཐོ་བ་རེད། གཅིན་སྙི་ཟ་ཁུའི་ནད་པར་ཆུ་རྨེན་འབྲས་སྐྲན་འབྱུང་བའི་ཉེན་ཁ་རྒྱུན་ལྡན་གྱི་མི་ལས86%གིས་མཐོ་ཞིང་། དེ་ལས་གཞན་གཅིན་སྙི་ཟ་ཁུའི་ནད་ཀྱིས་ད་རུང་ཁྲག་རིལ་དཀར་པོའི་ནད་དང་པགས་འབྲས། ཨོལ་གོང་རྨེན་འབྲས། རྨེན་བུའི་འབྲས། མཁལ་འབྲས། མཆིན་འབྲས། ཤན་རྨེན་འབྲས། གློ་སྐྲན། རྒྱུ་དཀར་འབྲས་སྐྲན། ཕོ་འབྲས་སོགས་ཀྱི་ཉེན་ཁའང་ཇེ་མཐོར་འགྲོ་བཞིན་ཡོད།

བུད་མེད་རྣམས་ལ་གཅིན་སྙི་ཟ་ཁུའི་ནད་བྱུང་ན་འབྲས་སྐྲན་རིགས་བཅུ་གསུམ་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་དང་། སྣ་སྐྲན་ནི་འབྱུང་ཚད་ཆེས་མཐོ་བའི་སྦྲགས་ནད་དེ་ཡིན་ལ། རྒྱུན་ལྡན་གྱི་བུད་མེད་ལས་ལྡབ་གཉིས་ཀྱིས་མཐོ་བ་རེད། དེ་མིན་ད་རུང་གཅིན་སྙི་ཟ་ཁུའི་ནད་ཀྱིས་བུད་མེད་རྣམས་ལ་མཆིན་འབྲས་དང་མིད་སྐྲན། ཨོལ་རྨེན་འབྲས། གློ་སྐྲན། ཤན་རྨེན་འབྲས། རྨེན་བུའི་འབྲས། བུ་སྣོད་འབྲས། རྒྱུ་དཀར་འབྲས་སྐྲན། ཁྲག་རིལ་དཀར་པོའི་ནད། ནུ་འབྲས། མངལ་སྐེ་འབྲས། ཕོ་འབྲས་སོགས་ཀྱི་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།

འབྲས་སྐྲན་ཕྲ་ཕུང་གང་སར་ཁྱབ་པ་སྔོན་འགོག་ཅི་ཐུབ་བྱེད་དགོས།

གཅིན་སྙི་ཟ་ཁུའི་ནད་ཀྱིས་འབྲས་སྐྲན་གྱི་འབྱུང་ཚད་ཇེ་མཐོར་གཏོང་བ་དེ་ནི་རྒྱུད་འདེད་པ་དང་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ལ་འབྲེལ་བ་ཡོད། རྒྱུ་རྐྱེན་དེ་དག་གིས་ནད་པའི་ལུས་ཀྱི་བརྗེ་ཚབ་འཁྲུགས་པར་བྱས་ཏེ། ཁྲག་ཧྭགས་མཐོ་བའི་་གནས་བབ་ཡུན་རིང་དུ་བསྲིངས་བར་བྱེད་པས་ཕྲ་ཕུང་གི་རིམས་འགོག་སྙོམ་སྒྲིག་བྱེད་ནུས་བསྟུད་མར་དཀྲུགས་ཤིང་། རྨེན་བུ་ཕྲ་ཕུང་གི་བསྡུར་ཚད་ལ་ངན་ཤུགས་ཐེབས་པས། མི་ལུས་ཀྱི་རིམས་འགོག་ནུས་པ་ཇེ་དམའ་རུ་འགྲོ་བ་དང་། འབྲས་སྐྲན་ཕྲ་ཕུང་གང་སར་ཁྱབ་པའི་གོ་སྐབས་སྦྱིན་པ་རེད།

གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་མངར་དང་འཁྱམས་གྱེས་ཚིལ་སྐྱུར་གྱི་ཆུ་ཚད་ཇེ་མཐོར་སོང་ལ། དེ་ནི་ཏག་ཏག་འབྲས་སྐྲན་ཕྲ་ཕུང་གི“འཚོ་བཅུད་ཀྱི་འབྱུང་ཁུངས”ཡིན།

དུས་མཚུངས་སུ། རིགས་གཉིས་པའི་གཅིན་སྙི་ཟ་ཁུ་དང་ཚོ་བསོགས་པ། མངར་ཟས་དང་སྣུམ་ཆེ་བའི་ཟས་རིགས་ཟ་རྒྱུར་དགའ་བ། ཙོག་ཡུན་རིང་བ། འགུལ་སྐྱོད་མི་བྱེད་པ་སོགས་ཀྱིས་ཀྱང་ཕོ་རྒྱུའི་འབྲས་སྐྲན་གྱི་འབྱུང་ཚད་ཇེ་མཐོར་གཏོང་གིན་ཡོད།

ལི་ཚི་པེ་ཁི་ཐི་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་སྔོན་ཆད་ལོ50ནས74བར་གྱི་མི1458ལ་བཅར་འདྲི་བྱས་ཏེ། ཁོ་ཚོས་རིགས་གཉིས་པའི་གཅིན་སྙི་ཟ་ཁུས་ནུ་མ་དང་རྒྱུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་གཏོང་བཞིན་པ་ཤེས་ཀྱིན་ཡོད་མེད་ཐད་ནས་རྒྱུས་ལོན་བྱས། ཞིབ་འཇུག་ལས་མངོན་པ་ལྟར་ན། མང་ཚོགས་ཀྱིས་དེའི་བར་གྱི་འབྲེལ་བ་གཅིག་ཀྱང་ཤེས་ཀྱིན་མེད་པས། གཅིན་སྙི་ཟ་ཁུའི་ནད་པའི་འབྲས་འགོག་འདུ་ཤེས་ངེས་པར་དུ་ཇེ་མཐོར་གཏོང་དགོས།

གཅིན་སྙི་ཟ་ཁུའི་ནད་པ་དང་གཅིན་སྙི་ཟ་ཁུའི་སྔ་དུས་ཀྱི་ནད་པ། དེ་མིན་ད་རུང་ཤན་གླིང་རྒྱུ་མཐོ་བའི་ཁྲག་ནད་དང་ཤན་གླིང་རྒྱུ་འགོག་པའི་ནད་པ་སོགས་ཀྱིས། དུས་བཅད་ལྟར་འབྲས་སྐྲན་འཚག་བཤེར་དང་སྔོན་འགོག་བྱེད་དགོས་ལ། ཁྲག་མངར་དང་ཁྲག་ཤེད་དང་ཁྲག་ཚིལ་སོགས་ཀྱི་བརྗེ་ཚབ་ལ་དོ་དམ་ལེགས་པོ་བྱེད་པ་དང་། བཟའ་བཏུང་དོ་མཉམ་གྱིས་སྤྱད་དེ་འཚོ་བཅུད་ལེགས་སྒྲིག་དང་། ལུས་སྦྱོང་འོས་འཚམ་གྱིས་བདེ་ཐང་གི་གཟུགས་གཞི་རྒྱུན་འཁྱོངས། ངལ་གསོ་ལུགས་མཐུན་བྱས་ཏེ་སེམས་ཁམས་སྐྱིད་པོ་ཡོང་བར་འབད་པ་བཅས་བྱེད་དགོས་པར་མ་ཟད། ལུས་པོར་རྒྱུན་ལྡན་མིན་པའི་ནད་རྟགས་མངོན་སྐབས་དུས་ཐོག་ཏུ་སྨན་པར་སྟོན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།