འོ་ཇ་ལ་གནོད་པ་གང་དག་ཡོད་དམ།
2023.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

ཉེ་ལམ། ཧ་ཝོར་ཏི་སློབ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་དང་ཧྭ་ཧྲེང་ཏུན་སློབ་ཆེན་འབྲས་སྐྲན་ལྟེ་གནས་གཉིས་ཀྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། 1991ལོ་ནས2015ལོའི་བར་གྱི་ནད་གཡོག་མ་ཁྲི་དགུ་དང་སྟོང་ལྔ་བཞི་བརྒྱ་རེ་བཞི་ལ་བརྟག་དཔྱད་བྱས་པའི་ཁྲོད། གཟའ་འཁོར་རེ་ལ་འོ་ཇ་སོགས་མངར་ལྡན་བཏུང་བྱ་ཕོར་བ་གང་ལས་ཉུང་བ་བསྟེན་པའི་བུད་མེད་དང་བསྡུར་ན། ཉིན་རེར་མངར་ལྡན་བཏུང་བྱ་ཕོར་བ་གཉིས་སམ་དེ་ལས་མང་བ་བསྟེན་པའི་བུད་མེད་ལ། ལོ50སྔོན་དུ་ལོང་སྐྲན་དང་གཞང་སྐྲན་འབྱུང་བའི་ཉེན་ཁ་ལྡབ་གཅིག་གིས་མཐོ་བ་དང་། ཉིན་རེར་ཕོར་བ་གང་རེ་འཐུང་བ་ལ་ཉེན་ཁ་དེ16%གོང་དུ་འཕར་ཡོད།

དོན་དངོས་སུ་སྲོལ་རྒྱུན་གྱི་འོ་ཇ་ནི་ཇ་ལོ་དང་འོ་མ་གསར་པ་བསྐོལ་ནས་གྲུབ་པ་ཡིན་ལ། དེའི་ཁྲོད་སྤྲི་དཀར་དང་འཚོ་རྒྱུBདང་ཇ་ཏོ་ཧྥིན་སོགས་འདུས་པས། འཚོ་བཅུད་ཀྱི་རིན་ཐང་མི་དམན་པ་ཡོད། ཡིན་ནའང་། ད་ལྟའི་འོ་ཇ་ནི་ཁ་ལ་ཞིམ་པོ་ཡོད་ཀྱང་བདེ་ཐང་ལ་གནོད་པའི་ཉེན་ཁ་འགའ་ཞིག་ཡོད་པ་གཤམ་ལྟར།

མངར་ཆ་ཚད་ལས་བརྒལ་བ། བརྟག་དཔྱད་མཇུག་འབྲས་ལྟར་ན། འོ་ཇ་ཕལ་ཆེ་བར། མངར་ཆའི་འདུ་ཚད་ནི་ཕོར་བ་རེ་ལ་ཁེ34དང་། ཆེས་མང་ན་ཁེ62ལོངས་པ་ཙམ་ཡོད་ལ། དེ་ནི་ཀ་ར་གྲུ་བཞི་མ14དང་ཚད་འདྲ། ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན་དུ། ཉིན་རེར་མངར་ཆ་ཁེ50ལས་བརྒལ་མི་རུང་བ་གསལ་འདེབས་བྱས་ཡོད་པས། འོ་ཇ་ཕོར་བ་གང་གི་མངར་ཆ་ནི་ཉིན་གཅིག་གི་མངར་ཆའི་མཁོ་ཚད་ལ་སླེབས་ཡོད་པར་མ་ཟད་དེ་ལས་བརྒལ་ཡོད།

ཚིལ་སྐྱུར་ལྡོག་མ། དེ་ལ་ཁ་སྐད་དུ“འོ་བཅུད”ཅེས་འབོད་ལ། དེ་ནི་འོ་ཇའི་རོ་འཇམ་པོ་ཡོང་བའི་རྫས་གཙོ་བོ་དེ་ཡིན། ད་ལྟ་རྒྱུག་ཆེ་བའི་འོ་ཞག་ནི་འོ་སོབ་ཕྱེ་དང་ཆུ་དང་འོ་སྣུམ་ཝུ་སོབ་བཅས་བསྡུར་ཚད་ལྟར་བསྲེས་ནས་བཟོས་པ་དང་། ཡང་ན་ཐད་ཀར་འོ་ཞག་ཕྱེ་ཡིས་བཟོས་པ་རེད། དེའི་གྲུབ་ཆའི་ནང་དུ་འོ་བཅུད་ཀྱི་འདུས་ཚད་ཆེས་མཐོ་བ་ཡིན། ཚིལ་སྐྱུར་ལྡོག་མ་ནི་ཀླད་སྙིང་ཁྲག་རྩའི་ནད་བསྐྱེད་པའི་རྐྱེན་གཙོ་བོ་དེ་ཡིན།

ཁོ་ཧྥེ་རྒྱུ་ཚད་ལས་བརྒལ་བ། འོ་ཇའི་ནང་དུ་ཁོ་ཧྥེ་རྒྱུ་འདུས་ལ། ཁོ་ཧྥེ་རྒྱུའི་འདུས་ཚད་ཀྱིས་འོ་ཇའི་གར་སླའི་ཚད་འཇལ་བ་ཡིན། གལ་ཏེ་ཁོ་ཧྥེ་རྒྱུ་ཚད་ལས་བརྒལ་ན་གཉིད་འཁྲུགས་པ་དང་སྙིང་གི་ལྡིང་ཚད་མགྱོགས་པ་སོགས་སློང་བ་ཡིན།

བདེ་ཐང་གི་འོ་ཇར་རོལ་འདོད་ན། རང་གིས་བསྐོལ་བ་ལས་གཞན། ཕྱི་ནས་ཉོ་བའི་སྐབས་སུ་འོ་ཞག་མི་བསྲེས་པ་དང་། ཡང་ན་ཇ་རོ་ལེགས་པོ་འདེམས་དགོས། དེར་མ་ཟད་མངར་ཆ་ཉུང་ཙམ་འདེབས་པ་དང་ཡང་ན་གཏན་ནས་འདེབས་མི་རུང་། མུ་ཏིག་དང་ཞོག་ཉོག་སོགས་ཀྱི་ཞོར་རྫས་ཀྱང་ཉུང་དུ་འདེབས་པ་དང་རབ་ཡིན་ན་མ་བཏབ་ན་བཟང་། གལ་ཏེ་ཞོར་རྫས་དེ་དག་ཟོས་པ་ཡིན་ན་ཉིན་དེར་ཕྱེ་འབྲས་སོགས་གཙོ་ཟས་རིགས་ཉུང་དུ་བསྟེན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།