རྒན་པ་རྣམས་དྲ་བར་གཡེང་བའི་དུས་ཚོད་ལ་ཚོད་འཛིན་བྱེད་དགོས།
2023.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

ལག་ཁྱེར་ཁ་པར་དང་རྒན་པར་འཚམ་པའིAPPསྣ་ཚོགས་ཀྱིས་རྒན་པ་མང་པོ་ཞིག་དྲ་སྒང་གི་འཚོ་བར་གོམས་པར་བྱས་ཡོད། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི། རྒན་པ་མང་པོ་ཞིག་དྲ་བར་གཡེངས་པའི་རྒྱུ་མཚན་ལ་གཤམ་གྱི་འདི་དག་ཡོད་པ་སྟེ།

གཅིག ཁ་པར་སྟེང་གི་བརྙན་རིས་ནི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་སླ་བར་མ་ཟད། ཡང་ནས་བསྐྱར་དུ་བལྟས་ཆོག་པས། རྒན་པ་རྣམས་ཀྱི་བསམ་པའི་དགོས་མཁོ་བསྐངས་ཡོད།

གཉིས། གལ་ཏེ་འཚོ་བའི་ཁྲོད་དུ་སྤྲོ་སྣང་འཚོལ་དཀའ་བར་གྱུར་ན། རྒན་པ་རྣམས་ཀྱིས་ཁ་པར་སྟེང་གི་རོལ་རྩེད་ལ་བརྟེན་ནས་བསམ་བློའི་དགོས་མཁོ་སྐོང་བཞིན་ཡོད།

གསུམ། རྒན་པ་ཁ་ཤས་ཤིག་ལས་འཁྱུར་ངལ་གསོ་བྱས་རྗེས། ཁེར་རྐྱང་དུ་ལུས་པ་དང་སེམས་འཚབ་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བས། ཁ་པར་རྩེ་རྒྱུ་ནི་ཁོ་ཚོའི་སེམས་ཁམས་གཡེང་བ་དང་སེམས་འཚབ་པ་འགོག་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

བཞི། རྒན་པ་རྣམས་ཀྱི་དབྱེ་འབྱེད་ནུས་པ་དང་རང་གཅུན་ནུས་པ་མར་བབས་ཡོད་པས། དྲ་བར་གཡེང་སླ་བར་མ་ཟད། ད་རུང་དྲ་ཐོག་གི་མགོ་བསྐོར་དང་རྒྱན་འགུག་པ་སོགས་ཀྱི་གཡོ་འོག་ཏུ་ཚུད་སླ་བ་རེད།

རྒན་པ་རྣམས་ཀྱི་སྣང་ཚུལ་འདི་ནི་ང་ཚོས་བསམ་བློ་གཏོང་རི་བ་ཞིག་ཡིན་ཏེ། དུས་ཡུན་རིང་པོར་དྲ་བར་གཡེང་ན་རྒན་པ་རྣམས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་པར་མ་ཟད། ཁྱིམ་ཚང་ལ་རྒྱུ་ནོར་ཐད་ཀྱི་གྱོང་གུན་ཡང་བཟོ་ངེས་རེད། དེ་བས་བུ་ཕྲུག་རྣམས་ཀྱིས་ཕ་མས་དྲ་ལམ་དུ་ཅི་ཞིག་ལ་དོ་སྣང་བྱེད་ཀྱིན་པར་མཉམ་བཞག་སྟེ། ཁོ་ཚོའི་བསླུ་བྲིད་འགོག་ཟོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁོ་ཚོའི་དྲ་བར་གཡེང་བའི་དུས་ཡུན་ལ་ཚོད་འཛིན་བྱེད་རོགས་བྱེད་དགོས། བུ་ཕྲུག་རྣམས་ཀྱིས་ཁོ་ཚོར་དངོས་པོའི་ཐད་ཀྱི་རོགས་སྐྱོར་ལས་གཞན་ད་རུང་། ཁོ་ཚོར་འདུག་རོགས་དང་འགྲོ་རོགས་བྱས་ཏེ། ཁོ་ཚོ་ཁྲིད་དེ་ཡུལ་སྐོར་ལ་འགྲོ་བ་དང་། སྡེ་ཁུལ་གྱི་བྱ་འགུལ་ལ་ཞུགས་པ། ཁོ་ཚོར་དགའ་ཕྱོགས་སྐྱེད་སྲིང་བྱེད་རོགས་བྱེད་པ་སོགས་ཀྱིས། རྒན་པ་རྣམས་དྲ་བར་གཡེང་བའི་དུས་ཚོད་ལ་ཚོད་འཛིན་བྱེད་དགོས།

རྒན་པ་རང་ཉིད་ཀྱིས་ཀྱང་སེམས་ཁམས་སྙོམ་སྒྲིག་བྱེད་པ་དང་། རང་འགུལ་གྱིས་འཚོ་བའི་ནད་དོན་ཕུན་ཚོགས་སུ་གཏོང་བ། དགའ་ཕྱོགས་སྐྱེད་སྲིང་བྱེད་པ། ལུས་སྦྱོང་འོས་འཚམ་བྱེད་པ་བཅས་ཀྱིས། ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཡོང་བར་འབད་དགོས། མཇུག་མཐར་རྒན་པ་ཡོངས་ཀྱི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།། 

རྩོམ་སྒྲིག་པ། འབྲུག་མོ།