བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ་བཅུ་གཅིག་ཅན་གྱི་སློབ་གསོ།
2023.06.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

ལོ་བཅུ་གཅིག་ནས་ན་གཞོན་དུས་ཀྱི་མགོ་བརྩམས་པ་ཡིན།

ལོ་བཅུ་གཅིག་ནས་ན་གཞོན་དུས་ཀྱི་མགོ་བརྩམས་པ་ཡིན་ལ། ཁྱད་པར་དུ་ན་ཆུང་མ་རྣམས་ཀྱི་ལུས་ཕུང་གི་སྐྱེ་འཕེལ་ནི་རྒྱུན་པར་ན་གཞོན་སྐྱེས་པ་ལས་མགྱོགས་ཤིང་། སྐབས་འདིར་ཟླ་མཚན་ཡོད་ཀྱང་རྒྱུན་ལྡན་གྱི་སྣང་ཚུལ་ཡིན། ཕོ་མོའི་ལུས་ཕུང་གི་འགྱུར་བར་བརྟེན་ནས་སེམས་ཁམས་ཀྱི་ཚོར་བ་སྔར་ལས་སྐྱེན་པོ་དང་འགྱུར་ལྡོག་ཆེ་བ་རེད། ལུས་ཕུང་གི་མི་འདྲ་བའི་ཆ་མངོན་གསལ་དོད་པོ་ཡིན་པས་རོལ་རྩེད་ཁང་ནས་ཕོ་མོ་སོ་སོར་བགར་ནས་བྱ་འགུལ་སྤེལ་བ་རེད། ཕོ་མོ་གཉིས་མཉམ་གཅིག་ཏུ་བསྲེས་ནས་སྤེལ་བཞིན་པའི་བྱ་འགུལ་ཡང་སྐབས་ལ་ལར་ཡོད་ལ། དེར་སྐུལ་སློང་ཡང་བྱེད་འོས་མོད། འོན་ཀྱང་། བྱ་འགུལ་ལ་ཁོ་ཚོ་ལོ་ན་བཅུ་ཡིན་པའི་སྐབས་ལྟར་འགུག་ཤུགས་ཆེན་པོ་མི་འདུག ལོ་ན་བཅུ་ནས་ལོ་ན་བཅུ་གཅིག་བར་ལ་བྱིས་པར་འགྱུར་ལྡོག་ཆེན་པོ་འབྱུང་མགོ་རྩོམ་པ་རེད། ངེས་ཤེས་ཀྱི་ནར་སོན་ཐད་ནས་བྱིས་པས་ཁོ་ཚོས་འཇིག་རྟེན་འདིའི་སྒྲིག་ལམ་ལ་འགྲན་སློང་བྱེད་བཞིན་པ་དང་མཚུངས་ལ། དེ་བས་མི་དར་མས་ཁོ་ཚོར་ཚད་བཀག་བྱས་པར་འགྲན་སློང་བྱེད། ཁོ་ཚོའི་ངེས་ཤེས་ཀྱི་སྒྲིག་གཞི་དང་ལུས་ཁམས་ཀྱི་སྒྲིག་གཞི་ནི་འགྲོས་གཅིག་མཚུངས་ཀྱིས་གཞི་གཅིག་ལ་མཉམ་འདྲེས་བྱས་ཡོད། སྐྱེས་པ་ཚོས་བུད་མེད་ཚོའི་ལུས་ཕུང་སྟེང་གི་འགྱུར་བར་བལྟས་ནས་རང་གི་ལུས་སྟེང་ནས་ཀྱང་འགྱུར་ལྡོག་ག་འདྲ་འབྱུང་བར་ཚོད་བགམ་བྱེད། ཕོ་མོ་རིགས་གཉིས་ལུས་འབྲེལ་གྱི་ཤེས་བྱ་དང་ལུས་ཕུང་གི་འགྱུར་བར་མཚར་སྣང་སྐྱེས་པས། འདིའི་ཕྱོགས་ཀྱི་སློབ་གསོས་ངེས་པར་དུ་རྗེས་ཆོད་དགོས།

གཅིག བྱིས་པ་ལོ་བཅུ་གཅིག་ཅན་གྱིས་མི་དར་མར་འགྲན་སློང་བྱེད་མགོ་རྩོམ་པ་རེད།

བྱིས་པ་ལོ་བཅུ་གཅིག་ཅན་ལ་གསོན་ཤུགས་རྒྱས་ཤིང་ནམ་ཡང་ཡར་རྒྱུག་མར་རྒྱུག་བྱེད་ལ་ཁོ་ཚོ་མཐོང་བ་ན་རང་གི་གཞོན་དུས་ཀྱི་སྣང་བརྙན་དྲན། རང་གིས་སྒྲིག་ལམ་ནན་བརྩི་མི་བྱེད་པ་དང་། གཞན་ལ་རེ་བ་མཐོན་པོ་འཛིན། གཞན་གྱིས་རང་ལ་བཏོན་པའི་བླང་བྱ་སྒྲུབ་མི་འདོད་པ་དང་། གཞན་ལ་སྐྱོན་བརྗོད་བྱེད་པར་སྤྲོ་བ་ཆེན་པོ་ཡོད། ཁྱིམ་དུ་ཁོ་ཚོ་ནི“འདྲེ་ཕྲུག་ཆུང་ཆུང”ཡིན་པ་དང་། ཕྱི་རུ་ཁོ་ཚོ“མི་དྲག་དང་མཛངས་མ”ཡིན། བྱིས་པས་ངོ་ལོག་བྱས་ཚེ་ཉམས་མྱོང་ཡོད་པའི་ཁྱིམ་བདག་ཚོས་ནར་སོན་བཞིན་པ་རྟོགས་པ་དང་། བྱིས་པ་སྔར་ལས་སྟོབས་ཤུགས་ཇེ་ཆེ་དང་སྔར་ལས་སྒེར་ཚུགས་སུ་འགྱུར་དགོས་ན་ཁྱིམ་བདག་གི་ཚོད་འཛིན་ལས་ཐར་དགོས། རང་དབང་ཅུང་ཙམ་ཡིན་ཡང་ཁོ་ཚོས་སྟོབས་ཤུགས་ཡོད་རྒུ་བཀོལ་ནས་བརྩོན་ལེན་བྱེད་པ་དང་། གལ་ཏེ་ཁྱིམ་བདག་གིས་གནས་ལུགས་འདི་ཤེས་ན་བྱིས་པས་ངོ་ལོག་ལ་སུན་སྣང་མི་སྐྱེ་བར་མ་ཟད། དགའ་སྤྲོ་སྐྱེ་བ་རེད།

ལོ་བཅུ་གཅིག་ཡིན་པའི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མས་རང་གི་བསླབ་འབྲས་ལ་གཙིགས་ཆེན་བྱེད་པ་དང་། དུས་མཚུངས་སུ་གྲོགས་པོའི་འབྲེལ་བར་དེ་ལས་ཀྱང་མཐོང་ཆེན་བྱེད་པས། དགེ་རྒན་དང་སློབ་མའི་འབྲེལ་བ་བརྟན་འཇགས་མིན་པར་འགྱུར་བ་རེད། ཁོ་ཚོས་ནོར་འཆུག་བཟོས་ནས་དགེ་རྒན་ལ་འགྲན་སློང་བྱེད། དཔེར་ན། བྱ་བ་བཀོད་སྒྲིག་དང་ཁྱིམ་གྱི་ལས་བྱ། སློབ་ཁང་གི་སྒྲིག་ལམ། མི་དར་མའི་དབང་གྲགས་དང་། གཞན་ཡང་རྩོམ་རིག་དང་ལོ་རྒྱུས། ཆབ་སྲིད་སོགས་ལ་འགྲེལ་བཤད་བྱེད་པ་ལྟ་བུ། ལོ་བཅུ་གཅིག་ལ་སོན་པ་ན་མ་འོངས་པ་སྔར་ལས་དཀའ་ཁག་ཆེ་བ་མཚོན་པ་དང་། དུས་མཚུངས་སུ་སྤྲོ་སྐྱིད་ཆེ་བའི་དུས་ལ་སླེབས་པའང་མཚོན། དུས་སྐབས་འདིར་དགེ་རྒན་དང་ཕ་མས་སྐད་གདངས་དང་གདོང་གི་རྣམ་འགྱུར། སེམས་ཁམས་དང་བསམ་ཚུལ་སོགས་ལ་འགྱུར་བ་བཏང་ནས་སེམས་ཞིབ་མོས་ཐུགས་ཁུར་བྱེད་དགོས། དཔེར་ན། ཨ་མས་རྒྱུན་པར་རང་གི་བུ་མོ་ནི་སྐྱོན་འཚོལ་བར་དགའ་བ་དང་སྐྱོན་བརྗོད་ལ་དགའ་བ་རེད་ཅེས་བཤད་པ་རྒྱུན་པར་ཐོས་ཐུབ་པ་དང་། ན་གཞོན་དུས་ཀྱི་བརྩེ་དུང་དང་མཛའ་འབྲེལ་ནི་རྙོག་འཛིང་ཆེ་བས་ཡོད་ཚད་གསལ་བོ་བྱེད་དཀའ།

གཉིས། ཟ་མ་མང་པོ་ཟ་ཐུབ་པའི་བྱིས་པ་ལོ་བཅུ་གཅིག་ཅན།

བྱིས་པ་ལོ་བཅུ་གཅིག་ཅན་ནི་བཟའ་བཏུང་དང་ལུས་ཕུང་སྦྱོང་བརྡར། གཏམ་བཤད་བཅས་ཀྱི་ཕྱོགས་ལ་རེ་བ་མཐོན་པོ་ཡོད་པ་དང་། བྱིས་པ་བུ་མོ་ཁ་ཤས་ན་གཞོན་དུས་ནས་མགྱོགས་མྱུར་ངང་ནར་སོན་པའི་སྣང་ཚུལ་ཡང་ཡོད། དལ་སྡོད་མེད་པར་རྒྱུན་མཐུད་ནས་སྦྱོང་བརྡར་བྱེད་ཀྱང་། ཆམ་ནད་ཕོག་སླ་བ་རེད། ཁོ་མོ་ཚོར་སྔར་ལས་མང་བའི་ངལ་གསོའི་དུས་ཚོད་དགོས།

གསུམ། ཕར་རྒོལ་བྱེད་པར་དགའ་བའི་བྱིས་པ་ལོ་བཅུ་གཅིག་ཅན།

བྱིས་པ་ལོ་བཅུ་གཅིག་ཅན་གྱི་སེམས་ཁམས་བརྟན་འཇགས་མིན་པ་དང་། བསམ་བློ་གཏོང་བ་དང་ངོ་ལོག་བྱེད་པར་དགའ་ལ། རྒྱུན་པར་ཕྱོགས་སོ་སོའི་ཚད་བཀག་ལ་ཚོད་ལྟ་དང་འགྲན་སློང་བྱེད་པར་ཡང་དགའ། རྒྱུན་པར་ཁྱིམ་ནས་སྒོ་ལ་འགྲོ་སྐབས་རྣམ་འགྱུར་ཅུང་ལེགས་པོ་སྟོན་པ་དང་། སྡུག་བསྔལ་དང་འཕྲད་སྐབས་ཨ་མ་བཙལ་ནས་སྡུག་གཏམ་བཤད། ཡར་རྒྱུག་མར་རྒྱུག་བྱས་ནས་སེམས་རྣལ་དུ་མི་ཕབ་པར་རྩོད་གླེང་བྱེད། འགྲན་སློང་ལ་དགའ་ཞིང་ཐག་གཅོད་བྱེད་དགོས་དུས་དཀའ་ཁག་ཆེན་པོ་ཡོད། སེམས་ཁམས་ལ་འགྱུར་བ་སྣ་ཚོགས་ལྡན་ལ། གཞན་དང་ལེན་མི་བྱེད་པ་དང་ཕྱོགས་ཁག་སྒྲིག་པར་དགའ་བའི་དུས་ལ་སླེབས་ཡོད། ཁོ་ཚོས་ཁ་པར་གྱི་གལ་ཆེན་རང་བཞིན་རྟོགས་པ་དང་། གྲོགས་པོ་ལ་ཁ་པར་གཏོང་རྒྱུར་དགའ། དུས་སྐབས་འདིའི་བྱིས་པ་ཚོས་སྐད་ཆ་བཤད་ན་ཧོལ་རྒྱུག་བྱེད་ལ། བསམ་བློ་མ་བཏང་བར་སྐད་ཆ་གང་འདོད་དུ་བཤད་པ་རེད། རྩོད་གླེང་དང་ཀུ་རེ་ལ་དགའ་ཞིང་མི་དར་མའི་སྐད་ཆར་ལད་ཟློས་བྱེད་པར་ཡང་དགའ།

བཞི། ངོས་མི་འདྲ་བ་ནས་འཇིག་རྟེན་ལ་བལྟ་ཤེས་པའི་བྱིས་པ་ལོ་བཅུ་གཅིག་ཅན།

ཁོ་ཚོ་ལས་ཀ་རྙིང་པར་རང་བརྟག་དང་ལེགས་བཅོས་བྱེད་པ་ལས་ཉམས་མྱོང་གསར་པ་དང་ལས་ཀ་གསར་པར་འགྲན་སློང་བྱེད་པར་དགའ། དོན་སྤྱི་ལ་བསམ་བློ་གཏོང་ཐུབ་པ་དང་། རིགས་འདེད་ནུས་པ་ཡར་རྒྱས་བྱུང་བ་ཡིས་འཆར་འགོད་དང་འཕེལ་རྒྱས་ཀྱི་གོ་རིམ་ལེགས་བཅོས་དང་འཛུགས་སྐྲུན་བྱེད་ཐུབ་པར་མ་ཟད། ངོས་མི་འདྲ་བ་ནས་འཇིག་རྟེན་ལ་བལྟ་ཤེས། ཁོ་ཚོ་འགྲན་སྡུར་དང་ལུས་རྩལ་ལ་དགའ་ཞིང་། རང་ཉིད་ཀྱི་ནུས་པར་འགྱུར་བ་གཏོང་ཐུབ་པའི་ཚོགས་པའི་ལུས་རྩལ་ལ་ཞུགས་པར་དགའ། མི་སྒེར་གྱི་རྩལ་ནུས་ཏེ། དཔེར་ན། རྒྱུག་པ་དང་མཆོང་བ། འཕེན་པ་སོགས་ལ་སུ་འཇོན་འགྲན་སྡུར་བྱེད་པར་དགའ།

ལྔ། སྔར་ལས་བློ་གྲོས་ལྡན་པའི་བྱིས་པ་ལོ་བཅུ་གཅིག་ཅན།

ཚན་རིག་ཞིབ་འཇུག་དང་གྲངས་རིག་གི་གནད་དོན་ཐག་གཅོད་པ། བགྲོ་གླེང་སོགས་ཀྱི་བྱ་འགུལ་ལ་ཞུགས་པར་དགའ། འདིས་རིགས་འདེད་ནུས་པ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ། ཁོ་ཚོས་རང་ངོས་ཀྱི་སྣང་བརྙན་ལ་དང་དོད་བྱེད་པར་མ་ཟད། རང་ཉིད་ཀྱང་མི་དར་མ་ཡིན་པར་བསམ། ལོ་རྒྱུས་རྣམ་ཐར་དང་དུས་ཐོག་གསར་འགྱུར་ཀློག་སྐབས་སྤྲོ་བ་ཆེན་པོ་སྐྱེས་པ་དང་། སྒྲིག་སྲོལ་དང་འགྲན་སློང་ཆེན་པོ་ལྡན་པའི་འགྱིག་གི་རོལ་རྩེད་དང་གབ་ཚིག ཀླད་འགུལ་རོལ་རྩེད་ཀྱིས་བློ་སྒོ་འབྱེད་ཐུབ། འབད་བརྩོན་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ཀྱིས་ཁོ་ཚོར་འགྲན་སློང་གི་འདུན་པ་ཆེན་པོ་སྐྱེ་རུ་འཇུག ཡིན་ཡང་། དུས་ཚོད་བཀོད་སྒྲིག་གི་ཐད་ནས་ཁོ་ཚོར་ད་དུང་རོགས་རམ་བྱེད་དགོས། ཁོ་ཚོ་མི་དར་མ་དང་འདྲ་བར་བྱ་བ་སྒྲུབ་པར་དགའ་སྟེ། དཔེར་ན། རྣམ་ཐར་ལ་ཞིབ་འཇུག་དང་གླེང་མོལ། འགྲེལ་བཤད་རྒྱག་པ་སོགས་ལྟ་བུ། དུས་མཚུངས་སུ། སྐད་བརྡ་དང་རོལ་མོ། འཕྲུལ་ཆས་སོགས་ལ་ཡང་སྤྲོ་བ་ཆེན་པོ་ཡོད། ལོ་ལོན་དང་མི་དར་མར་མཚར་སྣང་ཆེན་པོ་ཡོད་ལ་དེར་རྒྱུས་ལོན་བྱེད་འདོད། གཟའ་འཁོར་གཅིག་རིང་གི་དཔེ་ཀློག་སློབ་ཁྲིད་བྱས་ཆོག་པ་དང་། བརྩམས་སྒྲུང་མིན་པའི་དཔེ་དེབ་རིམ་བཞིན་ཁ་སྣོན་བྱས་ཆོག རིག་ཚན་ག་གེ་མོའི་ཁྱབ་ཁོངས་ཀྱི་ཤེས་བྱ་དང་ཆེད་སྒྲིག་རིགས་ཀྱི་དཔེ་ཆར་དགའ་བསུ་ཆེན་པོ་བྱེད། ཁོ་ཚོས་དཔེ་ཀློག་བྱས་ཏེ་ལོ་རིམ་དམའ་བའི་བྱིས་པར་ཉན་དུ་འཇུག་རྒྱུར་དགའ། ཀློག་འདོན་གྱིས་ཁོ་ཚོའི་འབྲི་ཀློག་ལ་ནུས་པ་ཆེན་པོ་འདོན་ཐུབ། ཟློས་གར་གྱི་ནང་དོན། མི་སྣའི་སྣང་བརྙན་སོགས་བརྗོད་དོན་མི་འདྲ་བའི་དཔེ་དེབ་ལ་བལྟ་བར་ཡར་རྒྱས་ཆེན་པོ་འབྱུང་ཐུབ། དེ་ནས་མི་སྒེར་གྱི་ཁྱད་ཆོས་ཡོད་པའི་རྩོམ་འབྲི་ཐུབ།

དྲུག  བྱིས་པ་ལོ་བཅུ་གཅིག་ཅན་གྱི་ཁྱིམ་བདག་གིས་གང་དག་ལ་མཉམ་འཇོག་བྱེད་དགོས།

བྱིས་པ་ལོ་བཅུ་གཅིག་ཅན་གྱིས་ཁྱིམ་བདག་ལ་སློབ་གྲྭར་འགྲོ་མི་འདོད་པའི་སྡུག་གཏམ་བཤད་མོད། དོན་ངོ་མར་ཁོ་ཚོས་སློབ་གྲྭ་ནས་སློབ་སྦྱོང་ལ་འབད་པ་བྱེད་བཞིན་ཡོད་ལ། རྒྱུ་མཚན་ནི། ཁོ་ཚོ་རྒྱལ་ཁ་ལེན་པར་རེ་བ་ཆེན་པོ་ཡོད་པས་འཛིན་གྲྭའི་ནང་གི་ཨང་རིམ་ལ་གཙིགས་ཆེན་བྱས་ནས་ཧུར་ཐག་གིས་གྲུབ་འབྲས་བརྩོན་ལེན་བྱེད་བཞིན་ཡོད། ལོ་ན་འདིའི་བྱིས་པས་དབྱེ་མཚམས་དང་སྒྲིག་སྲོལ་ལ་འགྲན་སློང་བྱེད་འདོད་པ་དང་། འདི་ནི་ཁོ་ཚོའི་མི་ཚེ་འཕེལ་རྒྱས་ཀྱི་གོ་རིམ་གཙོ་བོ་ཞིག་ཡིན་པས་དགེ་རྒན་དང་ཁྱིམ་བདག་ཁོ་ནར་གདོང་གཏད་པ་མིན། ལོ་ན་མཐོ་བའི་བྱིས་པས་ཁོ་ཚོའི་བྱ་སྤྱོད་ལ་མཛུབ་སྟོན་བྱས་ཆོག དགེ་རྒན་དང་ཁྱིམ་བདག་གི་རྣམ་འགྱུར། སྐད་གདངས། ཀུ་རེ་སོགས་ཧ་ཅང་གཙོ་བོ་ཡིན་ལ། ཁོ་ཚོར་གཟབ་ནན་བྱེད་དྲགས་ནས་དང་ལེན་མི་བྱེད་པའི་སེམས་ཁམས་སྐྱེ་རུ་འཇུག་མི་རུང་ལ། ཁོ་ཚོའི་ངོ་སོ་ལ་ལྟ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། །

རྩོམ་སྒྲིག་པ། འབྲུག་མོ།