སྨན་བཅོས་འགན་སྲུང་ཐད་ཀྱི་གཏམ་བཟང་།
2023.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

སྨན་བཅོས་འགན་སྲུང་སྤོ་སྒྱུར་འབྲེལ་མཐུད་དང་། གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་ཐུབ་པའི་འབྲེལ་ཡོད་དམངས་ཕན་བྱེད་ཐབས་གསར་པ་ཐོན་འདུག

ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས《སྨན་བཅོས་འགན་སྲུང་ཞབས་ཞུའི་དམངས་ཕན་བྱེད་ཐབས་ཁག་བཅུ་དྲུག་ལག་བསྟར་བྱ་བའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་སྨན་བཅོས་འགན་སྲུང་གི་འབྲེལ་བ་གཞན་སྒྱུར་འབྲེལ་མཐུད་དང་། གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པ། སྨན་བཅོས་འགན་སྲུང་གི་ཆ་འཕྲིན་འདྲི་རྩད། སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་དང་སྨན་ཉོ་བ་སོགས་མི་སེར་གྱིས་སྨན་བཅོས་འགན་སྲུང་ལས་སྒོ་གཉེར་བའི་འགག་གནད་གནད་དོན་ལ་དམིགས་ཏེ་འགྲོ་ལུགས་སྟབས་བདེར་གཏོང་བ་དང་། རྒྱུ་ཆ་ཁུ་བསྡུ། དུས་ཚད་ཇེ་ཐུང་། ཞབས་འདེགས་ཞུ་སྟངས་བཅས་གསར་གཏོད་བྱས།

《བརྡ་ཐོའི》ནང་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ནས་ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་སྔོན་ལ་དམངས་ཕན་ཞབས་ཞུའི་ཐད་ཚད་བརྒལ་གསར་པ་དང་ཕན་འབྲས་གསར་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། དོན་ཚན་བཅུ་དྲུག་གི་བྱེད་ཐབས་ཞིབ་ཕྲ་གཤམ་གསལ་ལྟར།

གཅིག  སྨན་བཅོས་འགན་སྲུང་གི་འབྲེལ་བ་གཞན་སྒྱུར་འབྲེལ་མཐུད་བྱེད་དགོས།

འགྲོ་ལུགས་སྟབས་བདེར་གཏོང་བ། གཞི་རྩའི་སྨན་བཅོས་འགན་སྲུང་ཞིང་ཆེན་ལས་བརྒལ་ནས་སྤོ་སྒྱུར་འབྲེལ་མཐུད་བྱེད་པའི་ཁྲོད《གཞི་རྩའི་སྨན་བཅོས་འགན་སྲུང་གི་འགན་སྲུང་ནང་ཞུགས་པའི་དཔང་ཡིག》དང《གཞི་རྩའི་སྨན་བཅོས་འགན་སྲུང་འབྲེལ་བ་གཞན་སྒྱུར་འབྲེལ་མཐུད་ཡི་གེ》ཡི་རྒྱུ་ཆ་མཁོ་འདོན་གྱི་བླང་བྱ་མེད་པར་བཟོ་དགོས།

བྱ་བ་སྒྲུབ་གཉེར་བྱེད་པའི་དུས་ཚད་ཇེ་ཐུང་དུ་གཏང་དགོས། གཞི་རྩའི་སྨན་བཅོས་འགན་སྲུང་ཞིང་ཆེན་བརྒལ་ནས་སྤོ་སྒྱུར་འབྲེལ་མཐུད་བྱེད་པའི་དུས་ཚོད་དེ་སྔོན་གྱི་ལས་ཀའི་ཉིན་མོ་ཞེ་ལྔ་ནས་ལས་ཀའི་ཉིན་མོ་བཅོ་ལྔའི་བར་ཇེ་ཐུང་དུ་བཏང་ཡོད།

འགན་སྲུང་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་སྲུང་སྤོ་སྒྱུར་བྱེད་པའི་ས་གནས་ཕྱོགས་གཉིས་ནས་རྒྱུག་མི་དགོས་ལ། རང་འགུལ་ངང་དྲ་ཐོག་ཏུ་འགྲོ་ལུགས་གཉེར་བའམ་ཡང་ན་སྤོ་སྒྱུར་ས་གནས་ཀྱི་སྒྲུབ་གཉེར་སྒྲིག་གཞིའི་སྒེའུ་ཁུང་ནས་སྒྲུབ་གཉེར་བྱེད་ཆོག་པ་མ་ཟད། ད་དུང་དྲ་ཐོག་ཏུ་འདུན་ཞུ་བྱེད་ཆོག་ལ་སྒྲུབ་གཉེར་བྱེད་པའི་འཕེལ་རིམ་ཡང་འཚོལ་ཞིབ་བྱེད་ཆོག

གཉིས། གནས་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་བརྒྱུད་རིམ་སྟབས་བདེར་བཏང་ནས། གནས་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་རྩིས་རྒྱག་གི་ཞབས་ཞུ་ཇེ་ལེགས་སུ་གཏང་དགོས།

མང་ཚོགས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་གནས་གཞན་དུ་སྨན་བཅོས་ཐོ་འགོད་བྱེད་པར་སྟབས་བདེ་བསྐྲུན་དགོས། འགན་སྲུང་ནང་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགསAppདང་རྒྱལ་ཁབ་ཀྱི་གནས་གཞན་དུ་སྨན་བཅོས་ཐོ་འགོད་ཀྱི་གོ་རིམ་ཆུང་གྲས་སོགས་ཀྱི་ཐབས་ལམ་བརྒྱུད་གནས་གཞན་དུ་སྨན་བཅོས་འགྲོ་རྒྱུའི་འདུན་ཞུ་བྱེད་ཆོག

ཞིང་ཆེན་ཕྱིར་ཡུན་རིང་སྡོད་མཁན་གྱིས་ཐོ་འགོད་སྙན་སེང་ཞུས་རྗེས། ཐོ་འགོད་སྙན་ཞུ་མ་བཅོས་པའམ་ཡང་ན་འགན་སྲུང་ནང་ཞུགས་སྟངས་བཅོས་སྒྱུར་བྱས་མེད་པ་ཡིན་ན། ཐོ་འགོད་སྙན་སེང་དུས་ཡུན་རིང་པོར་གོ་ཆོད། ཐོ་འགོད་སྙན་སེང་གི་གོ་ཆོད་དུས་ཡུན་ནང་སྨན་བཅོས་བྱ་ཡུལ་དུ་སྨན་བཅོས་ཐེངས་མང་བྱས་ཆོག་པ་མ་ཟད། ཞིང་ཆེན་བརྒལ་ནས་གནས་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་གི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག

འགན་སྲུང་ནང་ཞུགས་མཁན་སྨན་ཁང་དུ་མ་བསྡད་གོང་གནས་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་ཞུས་མེད་ཚེ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཁྲིད་སྟོན་འོག་ཐོ་འགོད་སྙན་སེང་ཞུས་ཆོག་པ་དང་། སྨན་ཁང་ནས་ཕྱིར་མ་བུད་གོང་ཐོ་འགོད་སྙན་སེང་ཞུས་རིགས་ཀྱིས་ཞིང་ཆེན་ཕྱིར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

སྨན་བཅོས་མྱུར་སྐྱོབ་བྱེད་སྐབས། འགན་སྲུང་ནང་ཞུགས་མཁན་གྱིས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་སྙན་སེང་ཞུས་མེད་པ་དེ་སྙན་སེང་ཞུས་པ་དང་གཅིག་མཚུངས་བྱས་ནས། འགན་སྲུང་ནང་ཞུགས་མཁན་གྱིས་འགན་སྲུང་ཞུགས་ཡུལ་ས་གནས་དེའི་སྨན་བཅོས་མྱུར་སྐྱོབ་ཀྱི་འབྲེལ་ཡོད་ཐོབ་ཐང་གི་ཚད་གཞི་ལྟར། འབྲེལ་ཡོད་སྒོ་བསྟེན་སྨན་ཁང་དང་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་བརྒྱབ་ཆོག

ཞིང་ཆེན་ཕྱི་ནས་སྨན་བཅོས་བྱེད་མཁན་སྨན་བཅོས་འགན་སྲུང་ཡོད་མཁན་སྨན་ཁང་ནས་ཕྱིར་བུད་ནས་སྨན་རིན་རང་གིས་རྩིས་ཞུ་བྱས་པ་རྣམས་ཀྱིས་གཏན་འབེབས་ལྟར་བསྐྱར་བསྒྲུབ་བྱེད་དུས། འགན་སྲུང་ནང་ཞུགས་ཡུལ་གྱི་གཏན་འབེབས་ལྟར་འགན་སྲུང་ནང་ཞུགས་ཡུལ་ས་གནས་ཀྱི་གཏན་འབེབས་ལྟར་སྨན་བཅོས་འགན་སྲུང་གི་ལག་བཟོས་འགྲོ་སོང་རྩིས་ཞུ་བྱེད་ཆོག

འགན་སྲུང་ནང་ཞུགས་མཁན་གྱིས་གནས་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་ཞུ་སྐབས་ཐད་ཀར་ཐོ་འགོད་སྙན་སེང་ཞུས་ནས་ས་ཁུལ་དང་གྲོང་ཁྱེར་རམ་ཡང་ན་ཐད་སྐྱོང་གྲོང་ཁྱེར་སོགས་སུ་བསྐྱོད་ཆོག་པར་མ་ཟད། ད་དུང་ཐོ་འགོད་ས་གནས་སུ་ཤར་གཏོང་ཐུབ་པའི་ཞིང་ཆེན་ཕྱིའི་གནས་གཏན་འཁེལ་གྱི་སྦྲེལ་དྲ་སྨན་བཅོས་སྒྲིག་གཞི་ཚང་མས་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག

ཞིང་ཆེན་ཕྱིར་ཡུན་རིང་གནས་སྡོད་བྱེད་མཁན་གྱིས་ཐོ་འགོད་བྱེད་ས་དང་འགན་སྲུང་ཞུགས་ཡུལ་གཉིས་ཀའི་ཐོབ་ཐང་ལོངས་སྤྱོད་བྱེད་དུ་འཇུག་དགོས། ཞིང་ཆེན་ཕྱིར་ཡུན་རིང་གནས་སྡོད་བྱེད་མཁན་གྱི་ཐོ་འགོད་གོ་ཆོད་དུས་ཚད་ནང་ངེས་པར་དུ་འགན་སྲུང་ཞུགས་ཡུལ་དུ་སྨན་བཅོས་བྱེད་དགོས་ཚེ། འགན་སྲུང་ཞུགས་ཡུལ་དུ་སྨན་བཅོས་འགན་སྲུང་རྩིས་རྒྱག་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག

ཁྲག་ཤེད་མཐོ་བ་དང་གཅིན་སྙི་སྲ་ཁུའི་ནད། སྐྲན་ནད་སྒོ་བསྟེན་སྨན་ཁང་གིས་རྫས་འགྱུར་སྨན་བཅོས་། གཅིན་དུག་ནད་སིམ་དབྱེ། དབང་པོ་སྤོ་སྒྱུར་གཤགས་བཅོས་བྱས་རྗེས་ཀྱི་གཅོང་ནད་འགོག་བཅོས་བཅས་ཀྱི་སྒོ་བསྟེན་སྨན་ཁང་གི་སྒོ་བསྟེན་དལ་ནད་ཀྱི་ཐོབ་ཐང་སྨན་བཅོས་ལྔ་ཡི་འགན་སྲུང་ནང་ཞུགས་མཁན་གྱིས་འབྲེལ་ཡོད་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཀྱི་ཞིང་ཆེན་ཕྱིའི་གནས་གཏན་འཁེལ་གྱི་དྲ་སྦྲེལ་སྨན་བཅོས་སྒྲིག་གཞི་ཕྱེས་ཆོག་པ། འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་བརྒྱབ་ཆོག

གསུམ། སྨན་བཅོས་འགན་བཅོལ་གྱི“སྒེའུ་ཁུང་གཅིག་ནས་གཉེར་སྒྲུབ”ཞབས་ཞུ་ཁྱབ་སྤེལ་གཏང་དགོས།

སྨན་བཅོས་འགན་སྲུང་གཉེར་སྒྲུབ་ཞབས་ཞུའི་སྒེའུ་ཁུང་གི“ཕྱོགས་བསྡུས་ལས་མི་ལམ་ལུགས”ལ་སྐུལ་འདེད་བཏང་ནས་སྒེའུ་ཁུང་མདུན་དུ་འགན་སྲུང་གི་རིགས་མི་དབྱེ་བ་དང་། བྱ་བའི་རིགས་མི་དབྱེ་བ། སྒེའུ་ཁུང་གཅིག་ནས་བདག་གཉེར་བྱེད་པ། གཅིག་འཐུས་ཞབས་ཞུ་བཅས་བྱེད་པ་དང་རྒྱབ་སྟེགས་ཁག་དབྱེ་ནས་སྒྲུབ་གཉེར་དང་མྱུར་སྒྲུབ་བྱས་ཏེ། མང་ཚོགས་རྣམས་ལ་སྒོ་གཅིག་ནས་ཨང་གྲངས་གཅིག་དང་། སྒེའུ་ཁུང་གཅིག་ནས་བྱ་བ་ཚང་མ་ཐེངས་གཅིག་ལ་སྒྲུབ་ཐུབ་པའི་ཞབས་ཞུ་འདོན་དགོས།

བཞི། ཞབས་ཞུའི་དོན་ཚན་སྒྲུབ་ཐེངས་མང་པོ་ཞིག“དྲ་ཐོག་ནས་བསྒྲུབ་པ། ”

འགན་སྲུང་ནང་ཞུགས་པའི་མང་ཚོགས་དང་འགན་སྲུང་ནང་ཞུགས་པའི་ལས་ཁུངས་ཀྱིས་དྲ་ཐོག་ནས་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་དགོས། སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས“མི་སྒེར་གྱི་དྲ་ཐོག་ཐིང”དང“ཚན་པའི་དྲ་ཐིང”ལ་བརྟེན་ནས་འགན་སྲུང་ནང་ཞུགས་པའི་ཐོ་འགོད་དང་འགན་སྲུང་ནང་ཞུགས་པའི་ཆ་འཕྲིན་འགྱུར་ལྡོག་སོགས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཐེངས་མང་པོར་བསྒྲུབ་དགོས་པའི་ཞབས་ཞུའི་དོན་ཚན་དག“དྲ་ཐོག་ནས་བསྒྲུབ”ཚད་ཇེ་མཐོར་གཏོང་དགོས།

ལྔ། ཐབས་ལམ་སྣ་ཚོགས་བརྒྱུད་དེ་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་འདྲི་རྩད་ཀྱི་དགོས་མཁོ་བསྐང་དགོས།

འགན་སྲུང་ནང་ཞུགས་མཁན་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགསAppདང་། དྲ་ཐོག་ཐིང་ངམ་ཡང་ན་ས་གནས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ལས་སྟེགས་སུ་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཐོ་འགོད་དང་། མི་སྒེར་གྱི་སྨན་བཅོས་འགན་སྲུང་རྩིས་ཐོ། ཞིང་ཆེན་བརྒལ་ནས་གནས་གཞན་དུ་སྨན་བཅོས་བྱེད་པའི་རྩིས་ཞུའི་ཞབས་ཞུ། སྨན་བཅོས་འགན་སྲུང་དང་སྨན་རྫས་ཀྱི་དཀར་ཆག་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་ཆོག

སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཚོམས་ཆེན་དང་ཆ་རྐྱེན་ཡོད་པའི་དངུལ་ཁང་ལས་གཉེར་དྲ་ཚིགས། སྡེ་ཁུལ་ཞབས་ཞུ་ལྟེ་གནས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་སིལ་ཚོང་སྨན་ཁང་སོགས་སུ་སྨན་བཅོས་འགན་སྲུང་གི་རང་འདེམས་ཁུལ་བཙུགས་ནས་མང་ཚོགས་ཀྱིས་མི་སྒེར་གྱི་གྲོན་དངུལ་དང་རྩིས་ཁྲའི་ལྷག་གྲངས་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་འདོད་པའི་སྨན་བཅོས་འགན་སྲུང་ཆ་འཕྲིན་འདྲི་རྩད་ལ་སྟབས་བདེ་བསྐྲུན་ཡོད།

དྲུག མང་ཚོགས་ཀྱིས་སྨན་པར་བསྟེན་ནས་སྨན་ཉོ་བ།

སྨན་བཅོས་འགན་སྲུང་གི་གློག་རྡུལ་དཔང་འཛིན་དེ་སྨན་པར་སྟོན་པ་དང་སྨན་ཉོ་བ་སོགས་བརྒྱུད་རིམ་ཧྲིལ་པོར་སྤྱོད་པར་སྐུལ་འདེད་གཏོང་དགོས། འགན་སྲུང་ནང་ཞུགས་མཁན་མང་ཚོགས་ཀྱིས་དངོས་གཞིའི་བྱང་བུ་འཁྱེར་མི་དགོས་པར། སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་གི་རྩ་གཉིས་ཨང་རྟགས་སམ་ཡང་ན་ངོ་བཤེར་ནས་སྨན་བཅོས་དང་སྨན་རྫས་ཉོ་ཆོག

རྩོམ་སྒྲིག་པ། འབྲུག་མོ།