ཆུ་རྨེན་འཕར་སྐྱེ་ཡི་འབྱུང་རྐྱེན།
2023.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

ལོ་གཅིག་གི་ཡར་སྔོན་ལ། ཨ་ཁུ་བཟོད་པར་གཅིན་པ་གཏོང་མི་ཐུབ་པའི་ནད་གཞི་ཞིག་བྱུང་བས། ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ན། ཆུ་རྨེན་འཕར་སྐྱེ་ཡི་ནད་བྱུང་ཡོད་པ་ཤེས། སྨན་པས་གཅིན་འདྲེན་སྦུ་གུ་འཇོག་པ་དང་མཉམ་དུ་སྨན་རྫས་སྤྱད་དེ་གསོ་བཅོས་བྱས་མོད། འོན་ཀྱང་གཅིན་འདྲེན་སྦུ་གུ་བླངས་རྗེས་སྔར་བཞིན་གཅིན་པ་གཏོང་མ་ཐུབ་པས། གཅིན་ལམ་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རིན་གཞོན་པས་ཨ་ཁུ་བཟོད་པར་གཤགས་བཅོས་བྱེད་རྒྱུའི་གྲོས་གཞི་བཏོན། ཨ་ཁུ་བཟོད་པས་གཤགས་བཅོས་བྱེད་མ་འདོད་པར་ཨུ་ཚུགས་ཀྱིས་གཅིན་འདྲེན་སྦུ་གུ་དང་མཉམ་དུ་འཚོ་རྒྱུའི་རེ་བ་བཅངས། ཡིན་ནའང་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། བཟོད་དཀའ་བའི་གཅིན་དྲི་ངན་པ་ཞིག་གིས་ཨ་ཁུ་བཟོད་པར་མནར་གཅོད་ཚད་མེད་བཏང་བས། མཇུག་མཐར་སྨན་པའི་གྲོས་གཞི་ལྟར་རྨ་ཁ་ཕྲ་མོའི་གཤགས་བཅོས་མི་བྱེད་ཐབས་མེད་བྱུང་། གཟའ་འཁོར་གཅིག་གི་རྗེས་སུ་གཅིན་འདྲེན་སྦུ་གུ་བླངས་ཤིང་གཅིན་པ་གཏོང་ཐུབ་སོང་བས། ཨ་ཁུ་བཟོད་པའི་སེམས་ལ་དགའ་བ་འབུམ་གྱིས་བརྟས་ཡོད།

ཆུ་རྨེན་འཕར་སྐྱེ་ཡང་མོ་ཅན་ནི་སྐྱེས་པ་རྒན་དར་རྣམས་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་རེད། ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། སྐྱེས་པ་རྣམས་ཀྱི་ཆུ་རྨེན་རིམ་གྱིས་ཞན་འགྱུར་དུ་འགྲོ་བ་དང་། ཇེ་ཆེ་ནས་ཇེ་ཆེར་འགྲོ་ངེས་པས། གཅིན་ལམ་བཀག་ཅིང་དེ་ནས་གཅིན་པ་གཏོང་དཀའ་བའི་གནས་སུ་གྱར་བ་རེད། སྐྱེས་པ་མང་པོ་ཞིག་གི་ཆུ་རྨེན་ནི་ལོ་བཞི་བཅུ་ཡས་མས་སུ་འཕར་སྐྱེ་འབྱུང་ཞིང་། འབྱུང་ཚད་ཆེས་མཐོ་བ་ནི་ལོ་ལྔ་བཅུ་ནས་བརྒྱད་ཅུ་ཡི་བར་རེད། ལོ་ལྔ་བཅུའི་ཡན་གྱི་སྐྱེས་པ་རྣམས་ལས་ཕྱེད་ཀའི་ཡན་ལ་ཆུ་རྨེན་འཕར་སྐྱེ་བྱུང་ཡོད་པ་དང་། ལོ་བརྒྱད་ཅུར་འབུད་དུས་ནད་དེའི་འབྱུང་ཚད་བརྒྱ་ཆའི་བརྒྱད་ཅུར་འབུད་སྲིད།

སྔ་མོ་ནས་བརྟག་སྟེ་སྔ་མོ་ནས་གསོ་བཅོས་བྱེད་དགོས།

ཆུ་རྨེན་འཕར་སྐྱེའི་ནད་རྟགས་ལ་འདི་དག་ཡོད་པ་སྟེ།

1.གཅིན་པ་གསོག་པའི་སྐབས་ཀྱི་ནད་རྟགས་ལ། གཅིན་ཟློས་དང་གཅིན་འཚབ། མཚན་གཅིན་མང་བ། གཅིན་མི་འཚོག་པ།

2.གཅིན་པ་གཏོང་བའི་སྐབས་ཀྱི་ནད་རྟགས་ལ། གཅིན་པ་གཏོང་དཀའ་བ་དང་གཅིན་པ་ཐེངས་མང་གཏོང་བ།

3.གཅིན་པ་བཏང་རྗེས་ཀྱི་ནད་རྟགས་ལ། གཅིན་པ་བཏང་ཚར་ཡག་བྱེད་མི་ཐུབ་པར་གཅིན་ཐིག་འཛགས་པ།

སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བྱས་ན་ནད་རྟགས་ཇེ་ཡང་དུ་བཏང་ནས་འཚོ་བའི་སྤུས་ཀ་ཇེ་མཐོར་གཏོང་ཐུབ།

སྨན་རྫས་ཀྱི་གསོ་བཅོས་ཐད་ནས། སྨན་པས་ནད་པའི་གནས་ཚུལ་གཞིར་བཟུང་སྟེ། ཁྱེད་ཉིད་ལ་འཚམ་པའི་སྨན་རྫས་སྟེར་ངེས་པས། སྨན་པའི་མངགས་བཅོལ་ལྟར་བསྟེན་རོགས།

གཤགས་བཅོས་ཀྱི་གསོ་བཅོས་ཐད་ནས། ཆུ་རྨེན་འཕར་སྐྱེ་དང་མཉམ་དུ་གཤམ་གྱི་སྦྲགས་ནད་འདི་དག་སྟེ། ཡང་ནས་བསྐྱར་དུ་གཅིན་འགག་ཐེབས་པ་དང་། ཡང་ནས་བསྐྱར་དུ་གཅིན་པའི་ནང་དུ་ཁྲག་འདྲེས་པ། ཡང་ནས་བསྐྱར་དུ་གཅིན་ལམ་རེད་པ། གཅིན་ལྒང་རྡེའུ་སྐྲན་སོགས་བྱུང་ན་སྨན་པས་གཤགས་བཅོས་བྱེད་དགོས་པའི་གྲོས་གཞི་འདོན་སྲིད། ནད་གཞིའི་གནས་ཚུལ་མི་འདྲ་བའི་དབང་གིས་གཤགས་བཅོས་བྱེད་སྟངས་ལའང་མི་འདྲ་སྣ་ཚོགས་ཡོད།

གོམས་སྲོལ་ངན་པ་འདི་དག་བསྒྱུར་དགོས།

གཅིག ཆང་བག་མེད་དུ་འཐུང་བ། དུས་ཡུན་རིང་པོ་དང་ཡང་ན་བག་མེད་དུ་ཆང་འཐུང་ན་ཆུ་རྨེན་ལ་གནོད་འཚེ་ཐེབས་སྲིད། ཆུ་རྨེན་ལ་ཆང་བཅུད་ཀྱི་ཕོག་ཐུག་ཐེབས་རྗེས་ཁྲག་རྒྱས་པ་དང་ཡང་ན་སྐྲངས་ཏེ། གཅིན་ལམ་འགག་པ་དང་། ཆང་བཅུད་ཀྱིས་ཆུ་རྨེན་དང་གཅིན་ལྒང་དང་གཅིན་ལམ་བཅས་ལ་ཕོག་ཐུག་བཏང་སྟེ། གཅིན་པ་ཟགས་པའི་ནད་རྟགས་འབྱུང་སླ། ཆང་ཁ་ཤས་ཤིག་ལ་གཅིན་པ་འབབ་པའི་ནུས་པ་ལྡན་པས། གཅིན་པ་ཇེ་མང་དུ་བཏང་སྟེ། ཆུ་རྨེན་གྱི་ཁུར་བོ་ཇེ་ལྕི་རུ་གཏོང་།

གཉིས། ཙོག་ཡུན་རིང་བ། ཙོག་ཡུན་རིང་ན་མཚང་ཁོག་ནང་ཁྲག་རྒྱས་པ་དང་།ནང་སྒོས་སུ་ཆུ་རྨེན་རྨེན་གཟུགས་ལ་ཁྲག་རྒྱས་པ་རེད། དེས་ཆུ་རྨེན་ཇེ་ཆེར་གཏོང་བར་མ་ཟད། སྡོད་རྩའི་གཉན་ཚད་བསླངས་ཏེ། ཆུ་རྨེན་འཕར་སྐྱེའི་ནད་རྟགས་ཇེ་ལྕི་རུ་གཏོང་སྲིད། དེ་བས་རྒན་པ་རྣམས་ཙོག་ཡུན་རིང་མི་རུང་བར། དུས་ཚོད་གཅིག་རེའི་ཡས་མས་སུ་ཡར་ལངས་ནས་འགུལ་སྐྱོད་བྱེད་དགོས་པ་དང་། ཉིན་རེར་གཞང་འདེགས་འགུལ་སྐྱོད་བྱེད་དགོས་པར་མ་ཟད། འཆམ་འཆམ་དུ་འགྲོ་བ་དང་ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་ཀྱི་དབྱང་ལྡན་ལུས་སྦྱོང་བྱེད་དགོས།

གསུམ། གཅིན་བསྲན་བྱེད་པ། གཅིན་བསྲན་བྱས་ན་གཅིན་པ་གཏོང་བའི་སྒུལ་ཤུགས་ཇེ་ཞན་དུ་འགྲོ་བ་དང་། གཅིན་ལྒང་གི་གཅིན་འདེད་ཤ་གྲིམ་ལ་གནོད་འཚེ་ཐེབས་ཏེ། གཅིན་ལམ་གོང་མ་འགག་པ་ལས་གཅིན་འདྲེན་སྦུ་གུ་དང་མཁལ་མའི་ནང་དུ་ཆུ་གསོག་པར་མ་ཟད། གཅིན་ཟགས་མ་ལག་དང་ཆུ་རྨེན་རེད་དེ། གཅིན་ལྒང་རྡེའུ་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། །

རྩོམ་སྒྲིག་པ། འབྲུག་མོ།