ཀླད་རྩ་འགག་པ་ཇི་ལྟར་སྔོན་འགོག་བྱ་དགོས།
2023.07.03 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 5

ཀླད་རྩ་འགག་པའི་ཕྱོགས་ནས། མི་མང་པོ་ཞིག་གིས་ནད་ཕོག་པའི་ཐོག་མའི་མངོན་ཚུལ་མ་ཤེས་པར། རྒྱུན་དུ་སྣང་མེད་དུ་འཇོག་སྲིད། གལ་ཏེ་གང་མགྱོགས་ཀྱིསCTབརྟག་དཔྱད་བྱས་ནས་གནད་དོན་ཡོད་པ་ཤེས་རྗེས། དུས་ལྟར་སྨན་བཅོས་བྱས་ན། ཀླད་རྩ་འགག་པའི་ཉེན་ཁ་སེལ་ཐུབ།

གཅིག མགོ་ན་བ།

མགོ་ན་བ་ནི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་མོད། རྒྱུ་མཚན་གང་ཡང་མེད་པར་མགོ་ན་བ་དང་མགོ་ཡུ་འཁོར་བ་སོགས་ཀྱི་སྣང་ཚུལ་བྱུང་ན། དེ་ནི་ཀླད་རྩ་འགག་པའི་སྔོན་བརྡ་ཡིན་ཤས་ཆེ། ཀླད་རྩ་འགག་པའི་མགོ་ན་ཕྱོགས་ནི་རྒྱུན་ཏུ་ཟུག་གཟེར་ཆེ་ཞིང་གློ་བུར་ཡིན་པ་མ་ཟད། ད་དུང་ནད་རྟགས་གཞན་པ་ཡང་ཡོད། གནས་ཚུལ་དེ་རིགས་འབྱུང་སྐབས་འཕྲལ་དུ་སྨན་བཅོས་བྱེད་དགོས་པ་དང་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ནད་གཞི་གཏན་འཁེལ་བྱ་དགོས།

གཉིས། བརྡ་གསལ་པོར་མི་འཕྲོད་པ།

སྐད་ཆ་མི་གསལ་བ་ནི་ཀླད་རྩ་འགག་པའི་ནད་རྟགས་ཤིག་ཡིན། ཀླད་རྩ་འགག་ཚེ། མིའི་སྐད་འདོན་པའི་དབང་རྩར་ཤུགས་རྐྱེན་ཐེབས་ཏེ། ནད་པའི་སྐད་ཆ་གསལ་པོར་བཤད་མི་ཐུབ་པ་དང་ཁ་སྐམ་པ་སོགས་ཀྱི་ནད་རྟགས་འབྱུང་ངེས། གལ་ཏེ་གནས་ཚུལ་འདི་འདྲ་བྱུང་ན། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་བརྟག་དཔྱད་དང་སྨན་བཅོས་བྱ་དགོས།

གསུམ། རྐང་ལག་ལ་གློ་བུར་དུ་སྟོབས་ཤུགས་མེད་པ།

རྐང་ལག་གི་ནུས་པ་གློ་བུར་དུ་ཉམས་པ་ནི་ཀླད་རྩ་འགག་པའི་རྒྱུན་མཐོང་གི་མངོན་ཚུལ་ཞིག་ཡིན། གནས་ཚུལ་དེ་རིགས་ཀྱིས་མིའི་རྒྱུན་ལྡན་གྱི་འགྲོ་སྐྱོད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་འཕྲལ་མར་སྨན་ཁང་དུ་བརྟག་དཔྱད་བྱས་ནས་སྨན་བཅོས་བྱེད་དགོས་ཤིང་། CTསོགས་ཀྱིས་མགྱོགས་མྱུར་ངང་བརྟག་དཔྱད་བྱ་དགོས།

བཞི། བདེ་ཐང་གི་འཚོ་བ་རོལ་སྟངས།

བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ཀླད་རྩ་འགག་པ་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། དེའི་ནང་གཙོ་བོ་བདེ་ཐང་གི་བཟའ་བཏུང་གོམས་གཤིས་དང་འོས་འཚམ་གྱི་ལུས་རྩལ་སྦྱོང་བརྡར། གཉིད་འདང་ངེས་སོགས་ཚུད་ཡོད། བཟའ་བཏུང་གི་ཕྱོགས་ནས། ཚིལ་ཉུང་དང་ཚྭ་ཉུང་བའི་བཟའ་བཏུང་གཙོར་འཛིན་དགོས་པ་དང་། སྔོ་ཚལ་དང་སིལ་ཏོག་གསར་པ་མང་དུ་ཟ་དགོས། འོས་འཚམ་གྱི་འགུལ་སྐྱོད་བྱས་ན་སྙིང་གི་ཁྲག་རྩའི་བདེ་ཐང་ལ་ཕན་པ་དང་ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད། ནད་འགོག་ནུས་པ་ཆེ་རུ་གཏོང་བ་སོགས་ལ་ཕན།

ལྔ། ཐ་མག་འཐེན་མཚམས་འཇོག་པ་དང་ཆང་མི་འཐུང་བ།

ཐ་མག་འཐེན་པ་དང་ཆང་འཐུང་བ་ནི་མི་ལུས་ལ་གནོད་པའི་གོམས་གཤིས་རིགས་གཉིས་ཡིན་ཞིང་། དེས་ཁྲག་རྩ་རྒས་འགྱུར་ཇེ་མགྱོགས་སུ་གཏོང་བ་དང་འཕར་རྩ་སྲ་འགྱུར་ཆགས་པ། ཀླད་པའི་ཉེན་ཁ་ཆེ་རུ་འགྲོ་བ་སོགས་བྱེད་པས། ཐ་མག་དང་ཆང་རག་གི་གནོད་འཚེ་འགོག་གང་ཐུབ་བྱ་དགོས། ཐ་མག་གཅོད་པ་དང་ཆང་ལ་ཚོད་འཛིན་བྱེད་རྒྱུ་ནི་སྔོན་འགོག་བྱེད་ཐབས་གལ་ཆེན་ཞིག་ཡིན།

དྲུག དུས་བཅད་ལྟར་ལུས་པོར་བརྟག་དཔྱད་དངCTབརྟག་དཔྱད་བྱེད་པ།

དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་དངCTབརྟག་དཔྱད་བྱས་ནས། ཀླད་འགག་གི་ཉེན་ཁ་ཕོག་ཡོད་མེད་ལ་ཤེས་རྟོགས་དང་། ལྷག་པར་དུ་ཉེན་ཁ་ཆེ་བའི་མིས་སྔ་མོ་ནས་བརྟག་དཔྱད་བྱས་ན་ལེགས། །

རྩོམ་སྒྲིག་པ། འབྲུག་མོ།