རང་རྒྱལ་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲལ་བསྟུན་རུ་ཁག་དྲུག་སྟོང་ལྔ་བརྒྱ་བཙུགས།
2023.07.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 4

གསར་འགོད་པས་ཟླ་བདུན་པའི་ཚེས3ཉིན་རྒྱལ་ཁབ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་སྨན་བཅོས་འཕྲལ་བསྟུན་རུ་ཁག་བཞི་བཅུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲལ་བསྟུན་རུ་ཁག་དྲུག་སྟོང་ལྔ་བརྒྱ་བཙུགས་ཏེ། རྒྱལ་ཁབ་སྨན་བཅོས་འཕྲལ་བསྟུན་ཆེད་མཁས་པའི་ཚན་ཆུང་ཆེད་ལས་ཁྱབ་ཁོངས་ཉེར་གཉིས་ལ་ཁྱབ་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་བཅོས་འཕྲལ་བསྟུན་སོའི་སི་ཀྲང་ཀུའོ་ཡན་ཧུང་གིས་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱིས་པྲོག་གསར་རིམས་ནད་འགོག་སྡོམ་ཁྲོད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཉམས་མྱོང་མང་པོ་བསགས་ནས། མགྱོགས་མྱུར་དང་ལེན་དང་ཐག་གཅོད་ནུས་ལྡན་བྱེད་པ་དམིགས་ཡུལ་དུ་བྱས་ཏེ། སྨན་བཅོས་འཕྲལ་བསྟུན་སྔོན་ཇུས་མ་ལག་ཁྱོན་ཡོངས་ནས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་གོ་རིམ་སོ་སོའི་ལས་དོན་ལ་ཤུགས་སྣོན་པ། སྨན་བཅོས་འཕྲལ་བསྟུན་རྟེན་གཞི་དང་སྨན་བཅོས་འཕྲལ་བསྟུན་དཔུང་ཁག  སྨན་བཅོས་འཕྲལ་བསྟུན་དངོས་རྫས་གསོག་འཇོག་སོགས་ཕྱོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྨན་བཅོས་འཕྲལ་བསྟུན་མ་ལག་ཅིག་ཕལ་ཆེར་བཙུགས་ཡོད་ཟེར།

ངོ་སྤྲོད་བྱས་པ་ལྟར་ན། སྨན་བཅོས་ཀྱི་འཕྲལ་བསྟུན་སྐྱོབ་བཅོས་རྟེན་གཞི་འཛུགས་སྐྲུན་ཐད་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སོ་སོ་རུ་འཆར་འགོད་བཀོད་སྒྲིག་བྱས་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱི་བྲེལ་མྱུར་གསོ་རིག་རོགས་སྐྱོབ་རྟེན་གཞི་དང་འགོ་ནད་ཚབས་ཆེན་འགོག་བཅོས་རྟེན་གཞི་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱས། སྨན་བཅོས་འཕྲལ་བསྟུན་དཔུང་ཁག་འཛུགས་སྐྲུན་ཐད་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་ཁབ་རིམ་པའི་སྨན་བཅོས་འཕྲལ་བསྟུན་རུ་ཁག་བཞི་བཅུ་བཙུགས་ནས། ཞིང་ཆེན་སོ་སོ་རུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲལ་བསྟུན་རུ་ཁག་དྲུག་སྟོང་ལྔ་བརྒྱ་འཛུགས་པར་མཛུབ་ཁྲིད་བྱས། དེ་གཉིས་ལས་རང་རྒྱལ་གྱི་ཐོལ་བྱུང་དོན་རྐྱེན་གྱི་སྨན་བཅོས་འཕྲལ་བསྟུན་ལས་དོན་གྱི“སྟོབས་ཤུགས་གཙོ་བོ”ཞིག་མཉམ་དུ་གྲུབ་པ་རེད།

སྨན་བཅོས་འཕྲོད་བསྟེན་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། 《“བདེ་ཐང་ཀྲུང་གོ2030ལོའི”འཆར་འགོད་རྩ་གནད》ཁྲོད། 2030ལོར་བསླེབ་དུས། རྒྱལ་ཡོངས་ལ་ཁྱབ་པ་དང་ཅུང་འཐུས་ཚང་ཡིན་པའི་བྲེལ་མྱུར་སྨན་བཅོས་མྱུར་སྐྱོབ་དྲ་རྒྱ་བཙུགས་ཏེ། ཐོན་བྱུང་དོན་རྐྱེན་འཕྲོད་བསྟེན་ཐག་གཅོད་ནུས་པ་དང་བྲེལ་མྱུར་སྨན་བཅོས་མྱུར་སྐྱོར་ནུས་ཤུགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལ་བསླེབ་དགོས་པར་བསྟན།  །

རྩོམ་སྒྲིག་པ། འབྲུག་མོ།