གཙོ་ཟས་སྟེ་ཕྱེ་དང་འབྲས་སོགས་ཡུན་རིང་མ་བསྟེན་པའི་གནོད་པ། 
2023.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

གཙོ་ཟས་ལ་ཐཱན་ཆུ་འདྲེས་རྫས་ཕུན་སུམ་ཚོགས་ཤིང་དྲོ་བཅུད་ཀྱང་ཆེ་བས། ང་ཚོའི་ལུས་ཕུང་ལ་མཁོ་བའི་ནུས་ཚད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། ཡིན་ནའང་། ཚོ་སྦྱོང་བར་འདོད་པ་དང་སྦྱོང་བཞིན་པའི་མི་རྣམས་ཀྱིས་གཙོ་ཟས་གཅོད་པ་སྟེ། འབྲས་དང་ཕྱེ་མ་བསྟེན་ན་ཚོ་སྦྱོང་ཐུབ་པར་སེམས་བཞིན་པར་མ་ཟད། བྱེད་ཐབས་དེ་འདྲ་སྟེན་བཞིན་པའང་མང་པོ་འདུག དོན་གྱིས་གཙོ་ཟས་ཡུན་རིང་ལ་མ་བསྟེན་ན་གནོད་པ་མི་ཉུང་བ་ཞིག་བསྐྱེད་པར་འགྱུར་ཏེ། ཐ་ན་ཚེ་སྲོག་ལ་གནོད་པའི་གནད་དོན་ཡང་འབྱུང་སྲིད།

གཅིག ཉེས་དམིགས་ཆེས་ཆེ་བ་དེ་ནི་ཐུང་རྫས་མ་ཞུ་བའི་སྐྱུར་དུག་བསྐྱེད་པ་དེ་ཡིན།

ཉིན་རེའི་ཐཱན་ཆུ་འདྲེས་རྫས་འཇུ་ལེན་བྱེད་ཚད་ཁེ་ལྔ་བཅུ་ལས་དམའ་དུས། ལུས་ལ་མཁོ་བའི་རྒུན་འབྲུམ་མངར་ཆའི་ཚད་མི་ལོངས་པས། ཚིལ་གྱིས་དེའི་ཚབ་ཏུ་ནུས་ཚད་འདོན་དགོས་པར་ཐུག་པ་ཡིན། ཚིལ་ཞུ་བར་གྱུར་ཚེ་ལུས་ལ་མི་མཁོ་བའི་རྫས་ཐུང་ཞེས་པ་དེ་འབྱུང་བ་ཡིན། རྒྱུན་ལྡན་དུ་ཐུང་ནི་གཅིན་དང་མཉམ་དུ་འདོར་འོས་མོད། ཐུང་མང་པོ་ཐོན་ཚེ་མཁལ་མའི་འཇུ་ནུས་ལས་བརྒལ་ཏེ་འདོར་དཀའ་བས། ད་གཟོད་སྐྱུར་དུག་ཕོག་པར་འགྱུར་ལ། ནད་རྟགས་སུ་ཁ་སྐོམ་པ་དང་དྲི་ངན་འཐུལ་བ། སྐྱུགས་མེར་ལངས་པ་སོགས་མཐོང་། ནད་རྟགས་དེ་ནི་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་སྟེ། ཕྲ་ཕུང་ལ་གནོད་དེ་ནད་ལྕི་མོ་ཕོག་པ་དང་ཐ་ན་འཆི་ཉེན་ཡང་ཆེ་བ་ཡིན།

ལྷག་པར་དུ་གཅིན་སྙི་ཟ་ཁུའི་ནད་ལ། གལ་ཏེ་ཁྲག་གི་མངར་ཆར་ཚོད་འཛིན་ལེགས་པོ་མ་ཐོབ་ཚེ། གཤེར་གླིང་རྒྱུ་ཟད་དེ་བརྗེ་ཚབ་མ་ལག་གསུམ་འཁྲུགས་པར་འགྱུར་ལ། སྐབས་དེར་ཁྲག་གི་མངར་ཆ་འཕེལ་བར་མ་ཟད་ཚིལ་གྱི་ཞུ་ཚད་ཀྱང་འཕེལ་ནས། ཐུང་མང་པོ་ཐོན་པར་འགྱུར་བ་ཡིན། དུས་མཚུངས་སུ་སྤྲི་དཀར་རྫས་གྲུབ་ཚད་ཇེ་ཉུང་དུ་འགྲོ་བར་མ་ཟད་ལྡོག་སྟེ་གྱེས་འཐོར་དུ་གྱུར་ནས། ཁྲག་གི་མངར་ཆར་འགྱུར་བ་དང་ཐུང་གྲུབ་ཨེམ་སྐྱུར་སོགས་འཕེལ་ནས། ཁྲག་གི་མངར་ཆ་དང་ཐུང་སོགས་མུ་མཐུད་དུ་འཕེལ་བར་འགྱུར་བ་ཡིན།

གཉིས། ཆེས་རྒྱུན་མཐོང་གི་ཉེས་དམིགས་ནི་ཐུང་བསྐྱེད་བཟའ་བཏུང་གི་གནོད་པ་ཡིན།

མི་མང་པོ་ཞིག་གིས“ཐུང་བསྐྱེད་བཟའ་བཏུང”གི་ཐབས་ལ་བརྟེན་ནས་ཚོ་སྦྱོང་བཞིན་ཡོད། ཡིན་ནའང་ཐུང་བསྐྱེད་བཟའ་བཏུང་གི་ཐབས་དེ་ནི་མ་གཞི་ཚོ་སྦྱོང་བ་ལ་སྤྱོད་པ་ནི་མིན་པར། བྱིས་པའི་བརྒྱལ་འབོག་ལ་དམིགས་པའི་བཟའ་བཏུང་བསྟེན་ཐབས་ཤིག་ཡིན། ཐུང་བསྐྱེད་བཟའ་བཏུང་ནི་ཚིལ་བཅུད་མང་བ(དྲོ་བཅུད་སྤྱི་ལས70%ནས80%ཟིན)དང་། སྤྲི་དཀར་རྫས་ཚད་དང་རན་པ(ཁེ1/སྟོང་ཁེ)། ཐཱན་ཆུ་འདྲེས་རྫས་ཉུང་བའི(ཉིན་རེའི་ཐཱན་ཆུ་འདྲེས་རྫས་འཇུ་ཚད་སྤྱིར་བཏང་གིས་ཁེ50ལས་ཉུང་བ་དང་། ཐ་ན་མཚམས་རེར་ཁེ20ལས་ཉུང)ཟས་རིགས་ཤིག་ཡིན། རྒྱུན་ལྡན་གྱི་མི་ལ་མཚོན་ན། ནམ་རྒྱུན་གྱི་ཐཱན་ཆུ་འདྲེས་རྫས་ལས་བཏོན་པའི་ནུས་ཚད་ཀྱིས་ནུས་ཚད་སྤྱི་ལས50%ནས65%ཟིན་པས། ཐུང་བསྐྱེད་བཟའ་བཏུང་གི་ཐཱན་ཆུ་འདྲེས་རྫས་ཀྱི་ཚད་དེ་ཤིན་ཏུ་དམའ། དེ་བས། དེ་ནི་མི་ཚང་མར་འཚམ་པ་ཞིག་མ་ཡིན་ལ། གལ་ཏེ་བཟའ་བཏུང་སྤྱོད་སྟངས་མ་འགྲིག་ཚེ། འཚོ་བཅུད་ཕྲ་རབ་ཟད་པ་དང་ལས་སྣོན་བྱས་པའི་ཚིལ་དང་ཤ་ཚད་ལས་བརྒལ་བའི་གནས་ཚུལ་འབྱུང་སླ། མིག་སྔར། ཐུང་བསྐྱེད་བཟའ་བཏུང་ཚོ་སྦྱོང་ཐབས་སུ་བསྟེན་ན་ལུས་ལ་གནོད་པ་དེ་ཞིབ་འཇུག་མང་པོ་ལས་བདེན་དཔང་ཐོབ་ཡོད་དེ། དེ་ལས་ངལ་དུབ་དང་སྐྱུགས་མེར། མགོ་ན་བ། སྐྲ་ཤུད་པ། ལུས་སྟོབས་ཟད་པ་དང་རོ་ཚོར་ཉམས་པ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།

གསུམ། གནོད་པ་གཞན་དག

དུས་ཡུན་རིང་པོར་ཐཱན་ཆུ་འདྲེས་རྫས་མ་བསྟེན་ན་ད་དུང་མཆིན་པ་དང་མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད། དུས་མཚུངས་སུ་ཀླད་པ་ལ་ཐཱན་ཆུ་འདྲེས་རྫས་ཁྲག་གི་མངར་ཆར་གྲུབ་པ་ལས་དྲོ་ནུས་འདོན་དགོས་པས། དུས་ཡུན་རིང་པོར་འདོན་མ་ཐུབ་ན་ཁྲོང་ཁྲོ་ལངས་སླ་བ་དང་ཡི་མུག་པ་སོགས་བསྐྱེད་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།