མིག་ནད་སྐྱ་འགྲིབ་ཀྱི་གཤག་བཅོས་ནི་གཤག་བཅོས་ཆུང་ཆུང་ཞིག་ཡིན་ནམ།
2023.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

“དེ་རིང་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ན། ང་ལ་མིག་ནད་སྐྱ་འགྲིབ་ཕོག་འདུག སང་ཉིན་ང་ཟི་ལིང་དུ་སོང་ནས་གཤག་བཅོས་བྱེད་འདོད་པ་དང་། གོ་ཐོས་ལྟར་ན་དེ་ནི་གཤག་བཅོས་ཆུང་ཆུང་ཞིག་ཡིན་ལ། སྐར་མ་འགའ་མ་གཏོགས་མི་དགོས་ཟེར་བས། ཐོན་མ་ཐག་ཏུ་གཤག་ཐུབ་བམ”ཞེས་ཨ་ཞང་གི་ཁ་པར་འབྱོར་རྗེས། ངས་ཇི་ལྟར་ལན་གདབ་དགོས་པའང་མ་ཤེས་པར་ལུས། ཡིན་ཡང་བསམ་བློ་ཞིབ་ཏུ་བཏང་བ་ན། ཁོའི་སྐད་ཆ་དེའང་གནས་ལུགས་གཏན་ནས་མེད་པ་ཞིག་མ་ཡིན་ཏེ། སྦྲིད་སྨན་ཐིག་པ་འགའ་མ་གཏོགས་རྒྱག་མི་དགོས་ལ། རྨ་ཁ་ཧའོ་རྨི་གསུམ་ལས་མེད་པ་དང་། རྨ་ཁ་ནས་ཁྲག་ཐིགས་པ་གཅིག་ཀྱང་བཞུར་མི་དགོས་པར་མིག་ནད་སྐྱ་འགྲིབ་གཤག་བཅོས་བྱེད་ཐུབ། དེ་ན་མིག་ནད་སྐྱ་འགྲིབ་ཀྱི་གཤག་བཅོས་ནི་དངོས་གནས་གཤག་བཅོས་ཆུང་ཆུང་ཞིག་ཡིན་ནམ།

སྐྱ་འགྲིབ་གཤག་བཅོས་ལ་ཡུན་རིང་གི་ལོ་རྒྱུས་ལྡན།

ལོ་ངོ3000ལྷག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་པ་དང་། ཉེ་བའི་ལོ་འདི་འགར་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ད་ལྟ་ད་རུང་མུ་མཐུད་དུ་གསར་བསྒྱུར་བྱེད་ཀྱིན་པའི་གཤག་བཅོས་ཤིག་ཡིན་པས། གཤག་བཅོས་ཆུང་ཆུང་ཞིག་རེད་ཟེར་ན་ག་ལ་འགྲིག་ཨང་། ཚང་མས་གཤག་བཅོས་ཆུང་ཆུང་ཞིག་ཡིན་པར་འདོད་པའི་རྒྱུ་མཚན་ནི་རྨ་ཁ་ཆུང་ཞིང་དུས་ཡུན་ཐུང་ལ་སླར་གསོ་མགྱོགས་པའི་རྐྱེན་གྱིས་ཡིན་མོད། འོན་ཀྱང་དེ་ནི་མིག་ནད་སྐྱ་འགྲིབ་ཀྱི་གཤག་བཅོས་ཚད་ལྡན་དང་ཞིབ་ཕྲ་ཡིན་པའི་རྟགས་ཤིག་ཅི་ལ་མིན། སྐར་མ་འགའ་ཡི་དུས་ཡུན་ཐུང་ངུ་ཡི་གཤག་བཅོས་དེས་ཏག་ཏག་མིའི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་གསོ་རིག་འཕེལ་རྒྱས་ཀྱི་ཉིང་བཅུད་མཚོན་ཡོད།

མིག་ནད་སྐྱ་འགྲིབ་ནི་མིག་གི་བདར་གཟུགས་ལ་རྙོག་རྫོབ་ཐེབས་པ་ལས་བྱུང་བའི་མཐོང་ཚོར་བར་གེགས་རང་བཞིན་གྱི་ནད་རིགས་ཤིག་ཡིན་ལ། རྙོག་རྫོབ་ཐེབས་པའི་བདར་གཟུགས་ཀྱིས་འོད་སྣང་བཀག་པས། མིག་མཐར་སྲིང་རས་ཀྱིས་བཀབ་པ་དང་ཀུན་ནས་མཚུངས། གསོ་བཅོས་བྱེད་སྟངས་ལ་ཚད་བརྒལ་སྒྲ་རླབས་འོ་འགྱུར་བྱེད་པ་ལ་བརྟེན་ནས་བདར་གཟུགས་བཅག་ནས་ཕྱིར་བླངས་ན། མིག་ནང་དུ་མིས་བཟོས་བདར་གཟུགས་ཤིག་བཞག་རྗེས། གཤག་བཅོས་མཇུག་རྫོགས་པ་རེད། སྤྱིར་བཏང་གི་གནས་ཚུལ་འོག མིས་བཟོས་བདར་གཟུགས་དེ་ནི་ངེས་པར་དུ་འཇོག་དགོས། བདར་གཟུགས་ནི་མ་གཞི་ནས་མིག་ནང་གི་འབུར་གཟུགས་ཤིག་ཡིན་པས། གཤག་བཅོས་བྱས་རྗེས་གལ་ཏེ་མིས་བཟོས་བདར་གཟུགས་མ་བཞག་ན། མིག་གིས་རྒྱང་རིང་མི་མཐོང་བའི་གནས་ཚུལ་འབྱུང་སྲིད།

ཕན་ནུས་ལེགས་པོ་ཐོན་འདོད་ན་སྨན་པ་དང་མཉམ་འབྲེལ་བྱེད་རྒྱུ་ཧ་ཆང་གལ་ཆེ།

མིག་ནད་སྐྱ་གྲིབ་ཀྱི་གཤག་བཅོས་ལ་གོ་རིམ་གཉིས་ཡོད་དེ། དང་པོ་ནི་རྙོག་རྫོབ་ཐེབས་པའི་བདར་གཟུགས་དེ་ཕྱི་རུ་ལེན་པ་དང་། གཉིས་ནི་མིས་བཟོས་བདར་གཟུགས་འཇོག་རྒྱུ་དེ་རེད། གོ་རིམ་རེ་རེར་ཧ་ཅང་ཞིབ་ཆ་ལྡན་པས་ནོར་འཆུག་གཏན་ནས་འབྱུང་མི་རུང་། དེ་བས་གཤག་བཅོས་མ་བྱས་པའི་སྔ་གཞུག་གང་ཞིག་ཡིན་རུང་། སྨན་པ་དང་ནད་པའི་བར་གྱི་མཉམ་འབྲེལ་ནི་གཤག་བཅོས་ལེགས་འགྲུབ་ཡོང་མིན་གྱི་གནད་འགག་ཡིན། དེ་ན་ནད་པས་སྨན་པ་དང་མཉམ་འབྲེལ་ཇི་ལྟར་བྱེད་དགོས་སམ་ཞེ་ན།

ཐོག་མར། མིག་ནད་སྐྱ་འགྲིབ་ཀྱི་གཤག་བཅོས་ནི་སྐྱ་འགྲིབ་ཀྱིས་གཡོགས་ཡག་བྱས་རྗེས་ད་གཟོད་གཤག་བཅོས་བྱེད་དགོས་པ་ཞིག་མིན་པར། གལ་ཏེ་སྨན་པས་བརྟག་དཔྱད་བྱས་རྗེས། ནད་པའི་མིག་ཤུགས་ཇེ་ཞན་དུ་སོང་བ་དེ་ནི་དངོས་གནས་མིག་ནད་སྐྱ་འགྲིབ་ཀྱིས་ཡིན་པར་མ་ཟད། རྒྱུན་ལྡན་གྱི་འཚོ་བར་གནོད་འཚེ་ཐེབས་ཀྱིན་ཡོད་ན། གཤག་བཅོས་བྱེད་པར་བསམ་བློ་བཏང་ཆོག འགོར་འགྱངས་ཅི་ཙམ་ཐེབས་ན་སྐྱ་འགྲིབ་ཀྱི་གཡོགས་ཚད་དེ་ལྟར་མཐོ་ལ་གཤག་བཅོས་ཀྱི་དཀའ་ཚད་དེ་ལྟར་མཐོ་ཞིང་། གཤག་བཅོས་བྱེད་པའི་སྐབས་དང་གཤག་བཅོས་ཀྱི་རྗེས་སུ་གནད་དོན་སྣ་ཚོགས་འབྱུང་བའི་ཚད་ཀྱང་དེ་ལྟར་མཐོ་བ་རེད།

དེ་ནི་གཤག་བཅོས་ཆུང་ཆུང་ཞིག་ཡིན་པས། གནད་དོན་གཏན་ནས་འབྱུང་མི་སྲིད་སྙམ་པའི་བསམ་བློ་སྐྱེས་མི་རུང་། གལ་ཏེ་ནད་པར་གཤག་བཅོས་མ་བྱས་པའི་སྔོན་ལ་མིག་ནད་གཞན་པ་ཡོད་ན། གཤག་བཅོས་བྱས་རྗེས་མིག་ཤུགས་སླར་གསོ་བྱེད་མི་ཐུབ། མིག་ཤུགས་སླར་གསོ་ཡི་ཐད་ནས་སྨན་པའི་སེམས་སུ་སྔ་མོ་ནས་ཚོད་དཔག་ཞིག་ཡོད་པས། སྨན་པ་དང་བསམ་བློ་བརྗེ་རེས་བྱས་ཏེ། སྔོན་དཔག་མཐོ་དྲགས་པའི་དབང་གིས་རེ་ཐག་ཆད་པའི་གནས་ཚུལ་མི་འབྱུང་བར་བྱེད་དགོས།

མཇུག་མཐར། གལ་ཏེ་ནད་པར་གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བ། པྲོག་དབྱིབས་སྙིང་ནད་སོགས་ལུས་ཡོངས་རང་བཞིན་གྱི་ནད་རིགས་གཞན་པ་བྱུང་ཡོད་ན། གཤག་བཅོས་མ་བྱས་པའི་སྔོན་ལ་ངེས་པར་དུ་ཁོང་ནད་ཚན་ཁག་ཏུ་སོང་ནས་གསོ་བཅོས་བྱེད་དགོས། མིག་ནད་སྐྱ་འགྲིབ་ཀྱི་གཤག་བཅོས་ལ་སྐར་མ་འགའ་ལས་མི་དགོས་ནའང་། ནད་པའི་ཁྲག་ཤེད་མཐོ་བ་དང་སྙིང་ནད་བྱུང་ཡོད་ན། གནས་སྐབས་སུ་གཤག་བཅོས་བྱེད་མི་རུང་བ་དང་། གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་ཧྭགས་ལ་ཚོད་འཛིན་ཐུབ་མེད་ན་རྨ་ཁ་སླར་གསོ་འབྱུང་དཀའ་བས། རྨ་ཁ་རེད་པའི་ཉེན་ཁ་ཧ་ཅང་ཆེའོ།།

མིས་བཟོས་བདར་གཟུགས་ཀྱི་རིན་གོང་ཇི་ལྟར་མཐོ་ན་དེ་ལྟར་བཟང་བའི་ངེས་པ་མེད།

མི་མང་པོ་ཞིག་གིས་མིས་བཟོས་བདར་གཟུགས་ཇི་ལྟར་འདེམས་པའི་ཐད་མཐོང་ཆེན་མཐོན་པོ་བྱེད་ཀྱིན་ཡོད།

ནུས་མཐོ་མིས་བཟོས་བདར་གཟུགས་ཞེས་པ་ནི་ཁྱད་འཕགས་ཀྱི་བྱེད་ནུས་ལྡན་པའི་མིས་བཟོས་བདར་གཟུགས་ལ་གོ དཔེར་ན་མདོ་གཉིས་དང་མདོ་གསུམ་དང་མདོ་མང་མིས་བཟོས་བདར་གཟུགས་ལྟ་བུ། སྲོལ་རྒྱུན་གྱི་མདོ་གཅིག་མིས་བཟོས་བདར་གཟུགས་དང་བསྡུར་ན། ནུས་མཐོ་མིས་བཟོས་བདར་གཟུགས་ཀྱིས་ཐག་རིང་དང་ཐག་ཉེ་གཉིས་ཀའི་གནད་དོན་མཉམ་གཅིག་ཏུ་ཐག་གཅོད་བྱེད་ཐུབ། གོ་སླ་བའི་སྒོ་ནས་བཤད་ན། སྲོལ་རྒྱུན་གྱི་མདོ་གཅིག་མིས་བཟོས་བདར་གཟུགས་ཀྱིས་ཐག་རིང་མཐོང་བར་བྱེད་ན་ཐག་ཉེ་ལ་ལྟ་བའི་སྐབས་སུ་མིག་ཤེལ་གོན་དགོས་པ་དང་། ཐག་ཉེ་མཐོང་བར་བྱེད་ན་ཐག་རིང་དུ་ལྟ་སྐབས་མིག་ཤེལ་གོན་དགོས་པ་ལས། གཉིས་ཀ་མཉམ་དུ་ཐག་གཅོད་བྱེད་མི་ཐུབ་པ་རེད།

མི་ཁ་ཤས་ཤིག་གིས“རིན་གོང་ཇི་ལྟར་མཐོ་ན་དངོས་པོ་དེ་ལྟར་བཟང་བ་མ་ཡིན་ནམ”ཞེས་འདྲི་ལ། དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་ནོ།

ནུས་མཐོ་མིས་བཟོས་བདར་གཟུགས་བཀོལ་སྤྱོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་ཡོད་དེ། མི་ཁ་ཤས་ཀྱི་མིག་ལ་བདར་གཟུགས་འདིའི་རིགས་མི་འཕྲོད་པས། བཙན་གྱིས་བཀོལ་ན་མིག་ཤུགས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད། དེ་བས་མིས་བཟོས་བདར་གཟུགས་འདེམས་པའི་སྐབས་སུ་རང་ཉིད་དང་འཚམ་མིན་ལ་བསམ་བློ་གཏོང་བ་ལས། རིན་གོང་ཁོ་ནར་བལྟ་མི་རུང་། གཤག་བཅོས་མ་བྱས་པའི་སྔོན་ལ་ནད་པས་མིས་བཟོས་བདར་གཟུགས་འདེམས་པའི་ཐད་ནས་སྨན་པ་དང་བསམ་བློ་བརྗེ་རེས་བྱས་ནས། རང་ཉིད་ཀྱི་འཚོ་བའི་དགོས་མཁོ་སྨན་པར་བཤད་པ་དང་། དེ་ནས་གཤག་བཅོས་སྔོན་གྱི་བརྟག་དཔྱད་མཇུག་འབྲས་དང་ཟུང་དུ་སྦྲེལ་ཏེ། རང་ཉིད་ལ་ཆེས་འཚམ་པའི་མིས་བཟོས་བདར་གཟུགས་བདམ་དགོས་སོ།།

རྩོམ་སྒྲིག་པ། འབྲུག་མོ།