མཚོ་སྔོན་གྱིས“སྨན་བཅོས་སྡེ་ཁག་གི་སྨན་པས་ནད་པར་ངེས་གཏན་གྱི་སྨན་ཁང་དུ་སྨན་ཉོ་བ་བཀོད་སྒྲིག”བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས།
2023.07.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 4

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། སྨན་བཅོས་སྡེ་ཁག་གི་སྨན་པར་ནད་པར་ངེས་གཏན་གྱི་སྨན་ཁང་དུ་སྨན་ཉོ་བ་སོགས་མི་དམངས་མང་ཚོགས་རྣམས་བསམ་འཆར་ཆེ་བའི་གནད་དོན་ཐག་གཅོད་དང་། མུ་མཐུད་ནས་སྨན་པའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྡེ་ཁག་གི་སྨན་པས་ནད་པར་ངེས་གཏན་གྱི་སྨན་ཁང་དུ་སྨན་ཉོ་བ་བཀོད་སྒྲིག་བྱེད་པའི་གནད་དོན་བཅོས་སྐྱོང་བྱ་བའི་བྱེད་ཐབས》(གཤམ་དུ《བྱ་བའི་བྱེད་ཐབས》ཞེས་བསྡུས་ཡོད)གཏན་འཁེལ་བྱས་ཏེ། ཁྱོན་ཡོངས་ནས་སྨན་བཅོས་ཞབས་ཞུ་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ནད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས།

《བྱ་བའི་བྱེད་ཐབས》ཀྱིས་མང་ཚོགས་རྣམས་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ནས། སྨན་པ་ཁ་ཤས་ཀྱིས་ནད་པར་ངེས་གཏན་གྱི་སྨན་ཁང་དུ་སྨན་ཉོ་བ་དང་། “བར་ཁེ”ལེན་པ་སོགས་ཀྱི་བྱ་སྤྱོད་ལ་དམིགས་ཏེ། རྩད་ཞིབ་དང་བཅོས་སྐྱོང་། ཚད་ལྡན་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། གཙོ་གནད་ཚན་ཁག་དང་གཙོ་གནད་མི་སྣ། གཙོ་གནད་སྨན་རྫས། གཙོ་གནད་ཁུངས་སྣེ་བཅས་གནད་སར་བཟུང་ནས། ཆེད་དོན་བཅོས་སྐྱོང་བྱ་བ་རྩ་འཛུགས་བྱས་ཏེ། སྨན་རྫས་བེད་སྤྱོད་དོ་དམ་ལ་ཤུགས་བསྣན་ནས། སྨན་རྫས་ཀྱི་ནད་ཐོག་ལག་ལེན་ལུགས་མཐུན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་སྟེ། སྨན་རྫས་ཉོ་བསྡུ་དང་སྨན་བཅོས་ཞབས་ཞུའི་ཁྲོད་ཀྱི་སྤྱོད་སྟངས་མི་ལེགས་པ་ཚོད་འཛིན་བྱས་ནས། གཞུང་གཉེར་སྨན་བཅོས་སྡེ་ཁག་གིས་དོ་དམ་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་།

《བྱ་བའི་བྱེད་ཐབས》ལས་བཅོས་སྐྱོང་ཁྱབ་ཁོངས་སུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གཞུང་གཉེར་སྨན་བཅོས་སྡེ་ཁག་འདུ་བ་གསལ་བོར་བྱས་ཡོད། སྨན་བཅོས་སྡེ་ཁག་སོ་སོས་སྨན་ཁང་གི་ནད་རིགས་དཀར་ཆག་དང་ནད་པའི་སྨན་སྤྱོད་དགོས་མཁོ་ལྟར། སྨན་ཁང་གི་སྨན་རྫས་དཀར་ཆག་འཐུས་ཚང་དུ་གཏོང་བ་དང་། སྨན་སྤྱོད་སྡེབ་སྒྲིག་མཁོ་འདོན་ཇེ་ལེགས་སུ་བཏང་ནས། རིགས་སྣ་འཐུས་ཚང་དང་བསྡུར་ཚད་ལུགས་མཐུན་བྱས་ཏེ། སྨན་རྫས་ཀྱི་གནས་སྐབས་ཉོ་བསྡུ་སྒྲིག་སྲོལ་དོན་འཁྱོལ་བྱས་ནས། སྨན་རྫས་དཀོན་པའི་གནད་དོན་ཐག་གཅོད་བྱས། སྔར་ལས་ལྷག་པའི་སྒོ་ནས་ཕྱི་རུ་སྨན་ཉོ་བའི་ཁྱབ་ཁོངས་གསལ་བོ་བྱེད་པ་དང་། བྱ་བའི་གོ་རིམ་ཚད་ལྡན་དུ་བཏང་ནས། ནད་ཐོག་ཉེར་མཁོ་དང་། སྨན་ཁང་གི་དཀར་ཆག་ནང་དུ་ཚབ་བྱེད་མི་ཐུབ་པའི་སྨན་རྫས་ལ། སྨན་པས་ནད་ཐོ་བྲིས་རྗེས་ཕྱི་རུ་སྨན་ཉོ་རུ་འགྲོ་བ་དང་། སྨན་པའི་ཡིག་ངོས་ནས་ནད་སྟོན་པའི་མང་ཚོགས་ལ་བརྡ་ལན་གཏོང་བ་དང་། ནད་སྟོན་པའི་མང་ཚོགས་ཀྱིས་སྨན་རྫས་བེད་སྤྱོད་ཁྱབ་ཁོངས་དང་། སྨན་སྤྱོད། དེ་མིན་དོ་སྣང་བྱ་ཡུལ་བཅས་གསལ་བོར་བཤད་པ། ངེས་གཏན་གྱི་སྨན་ཁང་དུ་སྨན་རྫས་ཕྱིར་འཚོང་བྱེད་པར་ཁེ་ལས་སུ་སྨན་ཉོ་རུ་འཇུག་མི་ཆོག  དུས་མཚུངས་སུ། ཁྱོན་ཡོངས་ནས་སྨན་བཅོས་སྡེ་ཁག་གི་སྨན་ཡིག་དོ་དམ་ལ་ཤུགས་བསྣན་ནས། སྨན་ཡིག་དཔྱད་འཇོག་སྒྲིག་སྲོལ་དོན་འཁྱོལ་བྱེད་པ་དང་། སྒྲིག་འགལ་གྱི་བྱ་སྤྱོད་ལ་ཡོངས་བསྒྲགས་དང་། བཅོས་སྐྱོང་སྒྲིག་སྲོལ་སྒྲིག་འཛུགས་བྱེད་དགོས། སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣ་དང་། སྨན་རྫས་རིག་པ། མི་དོན། ལས་རིགས་བྱ་སྤྱོད། སྒྲིག་ཁྲིམས་ཞིབ་བཤེར་སོགས་སྡེ་ཁག་གི་མཐུན་འགྲིག་མཉམ་འབྲེལ་ལ་ཤུགས་བསྣན་ཏེ། ཕྱི་རུ་སྨན་ཉོ་བར་ལྟ་སྐུལ་ཚོད་འཛིན་བྱས་ནས། ལུགས་མཐུན་མིན་པ་མ་ཟད་སྒོར་གྲངས་ཅུང་ཆེ་བའི་སྨན་རྫས་སྤྱོད་པར་སྔོན་བརྡ་གཏོང་བར་ཤུགས་སྣོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།