ཚོར་སྣང་སྐྱེན་པའི་མི་རྣམས་ཀྱིས་དབྱར་ཁའི་ཚ་གདུག་ལ་གཟབ་དགོས།
2023.07.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

དབྱར་ཁར་ཚ་གདུག་ཆེ་བའི་དབང་གིས་དབུགས་ལམ་དང་གཅིན་ལམ། དབང་རྩའི་མ་ལག་བཅས་ཀྱི་ནད་པ་ཇེ་མང་དུ་འགྲོ་བ་དང་། དེ་དག་ལས་སྙིང་ནད་དང་ཀླད་པའི་ནད་རིགས་བསྐྱེད་ཅིང་། གློ་བར་གནོད་འཚེ་ཐེབས་པ་དང་མཁལ་མའི་བྱེད་ནུས་ཇེ་ཞན་དུ་འགྲོ་བར་མ་ཟད། ད་རུང་སེམས་འཚབ་པ་དང་ཡི་མུག་པ་སོགས་སེམས་ཁམས་ཀྱི་ནད་རིགས་ཀྱང་འབྱུང་སྲིད་ལ། དེ་མིན་སྨུག་ཕྱིའི་འོད་ཐིག་དྲག་པའི་གནས་སུ་འདུག་ཡུན་རིང་ན་ད་རུང་སྐྱི་པགས་དང་མིག་ཟུང་ལ་གནོད་པ་ཡོད། དེ་བས་ཚ་གདུག་ཧ་ཅང་ཆེ་བའི་སྐབས་སུ་ཉི་འོད་དྲག་པོའི་འོག་ཏུ་ཡུན་རིང་མི་འདུག་པ་དང་ཁང་བའི་ནང་གི་སྐམ་བརླན་རན་པར་བྱས་ཏེ།རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ལ་མཉམ་འཇོག་དགོས།

སྡོད་ཁང་ནང་གི་དྲོད་ཚད་དང་བརླན་ཚད་རན་པར་བྱེད་དགོས།

ཁང་བའི་ནང་གི་དྲོད་ཚད་མཐོ་བའི་སྐབས་སུ་དྲོད་སྙོམས་འཕྲུལ་ཆས་བཀོལ་ནས་དྲོད་ཚད་སྙོམས་དགོས་པ་དང་། ནངས་དགོང་གཉིས་ཀར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས། ཁང་བའི་ནང་དུ་བརླན་ཚད་མི་སྙོམས་པའི་སྐབས་སུའང་འཕྲུལ་ཆས་བཀོལ་ནས་སྙོམས་པོར་གཏོང་དགོས།

ཉི་འོད་དྲག་པོའི་འོག་ཏུ་འདུག་ཡུན་རིང་མི་རུང་། ཚ་གདུག་ཧ་ཅང་ཆེ་བའི་སྐབས་སུ་ཕྱི་རོལ་དུ་སོང་ནས་བྱ་བ་སྒྲུབ་པ་དང་བྱ་འགུལ་སྤེལ་བ་སོགས་བྱེད་མི་རུང་། ངེས་པར་དུ་འགྲོ་དགོས་པ་བྱུང་ན་བསིལ་མགོ་བཀུག་རྗེས་ད་གཟོད་འགྲོ་དགོས་ལ། གྱོན་པ་ཡངས་མོ་དང་སྟབས་བདེ། མདོག་ཅན་གྱོན་དགོས་པར་མ་ཟད་ཉི་འགོག་ལེགས་པོ་བྱེད་དགོས། ཚ་གདུག་ཆེ་བའི་སྐབས་སུ་འགུལ་སྐྱོད་དྲག་པོ་མི་བྱེད་པ་དང་ངལ་གསོ་ལེགས་པོ་བྱས་ཏེ། ལུས་ཟུངས་མི་ཟད་པ་བྱེད་དགོས།

མི་བདེ་བའི་ཚོར་སྣང་འབྱུང་སྐབས་མཉམ་འཇོག་དགོས།

གཅིག ཚ་གདུག་འགོག་པ་དང་དྲོད་ཚད་སྙོམས་པའི་སྨན་རྫས་གྲ་སྒྲིག་བྱེད་དགོས། ལུས་པོ་མི་བདེ་བའི་སྐབས་སུ་ཚ་གདུག་འགོག་པ་དང་དྲོད་ཚད་སྙོམས་པའི་སྨན་རྫས་འཐུང་ཆོག་མོད། འོན་ཀྱང་ནད་རྙིང་ཡོད་པ་དང་ཡང་ན་རྒྱུན་དུ་སྨན་རྫས་སྣ་ཚོགས་འཐུང་བཞིན་པའི་མིས་སྨན་དེ་རིགས་འཐུང་སྐབས་སྨན་པར་བློ་འདྲི་དགོས།

གཉིས། བཟའ་བཏུང་ལ་མཉམ་འཇོག་དགོས། དུས་ཐོག་ཏུ་ཆུ་འཐུང་བ་དང་། ཚ་འགོག་དྲོད་སྙོམས་ཀྱི་བཏུང་བྱ་འཐུང་བ་ལས། ཆང་བཅུད་དང་ཁོ་ཧྥེ་སོགས་འདུ་བའི་བཏུང་བྱ་མི་འཐུང་བར་འཚལ། བཟའ་བཏུང་གི་ཐད་ནས་ཐེངས་མང་ཉུང་བསྟེན་བྱེད་པ་དང་འཇུ་སླ་བའི་ཟས་རིགས་བསྟེན་དགོས།

གསུམ། ལུས་པོའི་དྲོད་ཚད་ལ་རྒྱུན་དུ་དོ་སྣང་བྱས་ཏེ། ལུས་དྲོད་རྒྱུན་ལྡན་མིན་པའི་སྐབས་སུ། ཆུ་འཁྱག་དང་འཁྱགས་རོམ་སོགས་ལ་བསྟེན་ནས་ལུས་དྲོད་ཇེ་དམའ་རུ་གཏོང་བ་དང་། སྐྱི་པགས་དང་ལྭ་བ། འཇིང་པ་སོགས་ལ་དངོས་ལུགས་ཀྱིས་དྲོད་ཚད་སྙོམས་དགོས།

བཞི། ནད་རྟགས་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་མགོ་ཡོམ་འཁོར་བ་དང་མགོ་བོ་ན་བ། ངལ་ཞིང་དུབ་པ། ཁ་སྐོམ་པ། རྔུལ་ཆུ་བཞུར་བ། སེམས་འཚབ་པ། ངོ་གདོང་དམར་པོར་འགྱུར་བ། སྐྱི་པགས་ཚ་བེར་བེར་བྱེད་པ། ལུས་ཚ་རྒྱས་པ་སོགས་ཀྱི་ནད་རྟགས་འབྱུང་སྐབས། དུས་ཐོག་ཏུ་མི་གཞན་ལ་རོགས་སྐྱོར་བྱེད་རོགས་ཞུ་བ་དང་། བསིལ་འོག་ཏུ་སོང་ནས་ངལ་གསོ་དགོས་པར་མ་ཟད། ལུས་དྲོད་འཇལ་བ་དང་ཆུ་འཐུང་དགོས། གལ་ཏེ་ཤ་གནད་རྩ་འཁུམ་བྱུང་བ་ཡིན་ན། མྱུར་དུ་བསིལ་འོག་ཏུ་སོང་ནས་གློག་འབྱེད་རྫས་འདུ་བའི་བཏུང་བྱ་འཐུང་དགོས། གལ་ཏེ་ད་རུང་ཕན་ནུས་མི་ཐོན་པ་ཡིན་ན། སྨན་ཁང་དུ་སོང་ནས་མྱུར་དུ་སྨན་པར་བསྟེན་དགོས།

ལྔ། ནད་རྟགས་ཚབས་ཆེ་ན་མྱུར་དུ་སྨན་པར་སྟོན་དགོས། གལ་ཏེ་སྐྱི་པགས་ཚ་ལམ་ལམ་བྱེད་པ་དང་། རིག་པ་མི་གསལ་བ། ངར་ལངས་པ། སྐད་ཆ་རྡབ་རྡིབ་སྨྲ་བ། ཁོང་ཁྲོ་ལངས་པ། འདར་འཁུམ་དང་དྲན་པ་ཐོར་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས། མྱུར་དུ་སྨན་ཁང་དུ་བསྐྱལ་ཏེ་སྨན་པར་སྟོན་པ་དང་དུས་མཚུངས་སུ་བསིལ་འོག་ཏུ་སྤར་བ་དང་། སྐེ་དང་མཆན་འོག ཐེར་ཁུགས་སོགས་སུ་དྲོད་འཇགས་དངོས་པོ་བཞག་ནས་དྲོད་ཚད་འཇགས་པར་འབད་དགོས།

རྒན་པ་དང་ནད་རྙིང་ཡོད་པའི་མི་རྣམས་ཀྱིས་ལྷག་ཏུ་མཉམ་འཇོག་དགོས།

རྒན་པ་དང་བྱིས་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱིས་སྤྱིར་བཏང་གི་འགོག་སྲུང་ལེགས་པོར་བསྒྲུབ་དགོས་པར་མ་ཟད། གཤམ་གྱི་གྲོས་གཞི་འདི་དག་ལྟར་འགོག་སྲུང་ལ་ཤུགས་སྣོན་དགོས།

གཅིག ཚ་གདུག་ལ་གཡོལ་ཅི་ཐུབ་བྱེད་དགོས། འགུལ་སྐྱོད་དྲག་པོ་མི་བྱེད་པར་ལུས་པོར་ངལ་གསོ་ཐོབ་པར་འབད་དགོས། ཚ་གདུག་ཆེ་བའི་སྐབས་སུ་གང་ཐུབ་ཀྱིས་བསིལ་བའི་གནས་སུ་འདུག་དགོས།

གཉིས། ཆུ་འདང་ཚོད་འཐུང་བ་དང་གློག་འབྱེད་རྫས་ཁ་གསབ་བྱེད་དགོས། རང་འགུལ་ངང་ཆུ་མང་དུ་འཐུང་བ་ལས་ཁ་སྐོམ་པའི་སྐབས་སུ་ད་གཟོད་འཐུང་ན་མི་འགྲིག་པ་ཡིན། གློག་འབྱེད་རྫས་འདུ་བའི་སྐོམ་ཆུ་འཐུང་བ་ལས་མངར་ཆ་མཐོ་བའི་བཏུང་བྱ་མི་འཐུང་བར་འཚལ། གཅིན་གྱི་མང་ཉུང་དང་ཁ་དོག་ལ་མཉམ་འཇོག་དགོས། གལ་ཏེ་གཅིན་ཉུང་བ་དང་ཁ་དོག་སེར་པོར་གྱུར་བ་ཡིན་ན། ལུས་པོར་ཆུས་མ་འདང་བའི་རྟགས་རེད།

གསུམ། འབྲེལ་གཏུག་དང་བརྗེ་རེས་མང་དུ་བྱེད་དགོས། ཁྱིམ་མི་དང་ཁྱིམ་མཚེས་སོགས་ལ་འབྲེལ་གཏུག་མང་དུ་བྱས་ཏེ། དུས་ཐོག་ཏུ་ཕ་རོལ་བའི་རོགས་སྐྱོར་ཐོབ་ཐུབ་པ་བྱེད་དགོས། ཁྱིམ་མིས་ཉིན་རེར་ཁེར་རྐྱང་དུ་སྡོད་པའི་རྒན་པ་དང་ཅི་ཐུབ་ཀྱིས་བསམ་བློ་བརྗེ་རེས་བྱེད་དགོས་པར་མ་ཟད། འབྲེལ་གཏུག་ཁ་པར་སོགས་ཁྱིམ་མཚེས་དང་སྡེ་ཁུལ་དུ་བཞག་ནས་རོགས་སྐྱོར་ཐོབ་པར་འབད་དགོས།

དལ་གཤིས་ནད་རྙིང་ཡོད་པའི་ནད་པས་རང་སྟེང་ནས་མཉམ་འཇོག་ལེགས་པོ་བྱེད་དགོས།

གཅིག དུས་ཐོག་ཏུ་ཆུ་འཐུང་བ། རང་འགུལ་དང་ཐེངས་གྲངས་མང་བ། ཚད་རན་པ་བཅས་ཀྱི་སྒོ་ནས་ཆུ་འཐུང་དགོས། གལ་ཏེ་ནད་གཞིའི་དབང་གིས་ཆུ་ཡི་འཐུང་ཚད་ལ་ཚོད་འཛིན་དགོས་པ་དང་གཅིན་འབབ་སྨན་རྫས་འཐུང་གིན་ཡོད་ན། སྨན་པའི་མངགས་བཅོལ་ལྟར་ཆུ་འཐུང་དགོས།

གཉིས། འགུལ་སྐྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་བ། འགུལ་སྐྱོད་དྲག་པོ་མི་བྱེད་པར་ལུས་པོར་ངལ་གསོ་རུ་འཇུག་པ་དང་། གལ་ཏེ་ངེས་པར་དུ་ལུས་སྦྱོང་བྱེད་དགོས་ན། ཆེས་བསིལ་བའི་དུས་ཚོད་དེ་འདེམས་དགོས།

གསུམ། གློག་འབྱེད་རྫས་འོས་འཚམ་གྱིས་ཁ་གསབ་བྱེད་པ། བཟའ་བཏུང་ལ་བརྟེན་ནས་ལུས་སྟེང་ནས་ཤོར་བའི་གློག་འབྱེད་རྫས་ཁ་གསབ་འོས་འཚམ་བྱེད་དགོས་ལ། གལ་ཏེ་ཚྭ་ཉུང་ཟས་རིགས་བསྟེན་བཞིན་ཡོད་ན་སྨན་པར་བློ་འདྲི་དགོས།

བཞི། འབྲེལ་འདྲིས་དམ་པོ་བྱེད་པ། ཁྱིམ་མི་དང་ཁྱིམ་མཚེས་སོགས་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ། དུས་ཐོག་ཏུ་མི་གཞན་པའི་རོགས་སྐྱོར་ཐོབ་པར་བྱེད་དགོས་པ་བཅས་སོ། །

རྩོམ་སྒྲིག་པ། འབྲུག་མོ།