མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་སྒང་གི་གསོ་རིག་བདེ་ཐང་དང་རྒན་གསོའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་དམིགས་ནས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་སྤེལ།
2023.07.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 3

ཉེ་ལམ། སྔོན་དུས་ཀྱི་རྟོག་ཞིབ་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རུ་ཁག་ཁྲིད་དེ་མཐོ་སྒང་གི་གསོ་རིག་བདེ་ཐང་དང་རྒན་གསོའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་དམིགས་ནས་མཚོ་ཤར་དུ་སོང་ནས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་སྤེལ་བ་དང་། ཡུལ་དངོས་ནས་མཚོ་ཤར་གྲོང་ཁྱེར་གྱི་རྨ་ཙོང་རིག་གནས་རྟེན་མཛོད་གླིང་དང་ལི་ཏུའུ་ཆུའུ་ཆུ་གསུམ་འགྲམ་དྲུག་གི་བརླན་ས་སྤྱི་གླིང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་བཅས་ལ་ལྟ་ཞིབ་བྱས་ལ། ཡོན་ཧྲི་ཝུའུ་ཐེན་དབྱི་ཡི་གསར་གཏོད་ལྟེ་གནས་དང་མཚོ་སྔོན་མཐོ་སྒང་གི་བདེ་ཐང་དང་རྒན་གསོ་སྲོག་ཤིང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

དེའི་རྗེས་སུ་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་བཅས་ཀྱིས་སོ་སོར་གཏམ་བཤད་པ་དང་བརྗོད་དོན་གཏམ་བཤད་སྤེལ། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་ཐོག་ནས། མཐོ་སྒང་གི་གསོ་རིག་བདེ་ཐང་དང་རྒན་གསོའི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་མཐོ་སྒང་གི་བདེ་ཐང་དང་རྒན་གསོ་གསོ་རིག་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་དངོས་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་བུ་གསར་བ་ཡིན་ལ། ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་ཆེན་པོ་ལྡན། མཚོ་ཤར་གྱིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་པ་དང་། གོ་སྐབས་གལ་ཆེན་དམ་འཛིན་བྱས་ལ། རང་འགུལ་གྱིས་འབད་འཐབ་བྱས་ཏེ། མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་ལས་དོན་ཐད་ནས་སྔོན་དུ་ཚོད་ལྟ་བྱས་པ་དང་། གསར་འབྱེད་རང་བཞིན་ལྡན་པའི་རྨང་གཞི་བྱ་བ་མང་པོ་བསྒྲུབས་པ་དང་། ཡོན་ཧྲི་ཝུའུ་ཐེན་དབྱི་ཡི་གསར་གཏོད་ལྟེ་གནས་དང་མཚོ་སྔོན་མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་སྲོག་ཤིང་རྟེན་གཞི་བཙུགས་ཏེ། མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་དང་ཐོན་ལས་འཕེལ་རྒྱས་ཐད་ནས་གནད་འགག་རང་བཞིན་གྱི་གོམ་སྟབས་བསྒྱུར་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པའི་ཚུལ་བསྟན།

ཚོགས་ཐོག་ནས་བསྟན་དོན། མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་དང་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་མདུན་ལམ་རྒྱ་ཆེ་བས། ངེས་པར་དུ་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་མཉམ་ཤུགས་གྲུབ་པར་བྱེད་པ་དང་། དུས་ཡུན་རིང་བོའི་འཚོལ་ཞིབ་དང་ལག་ལེན་བརྒྱུད་ན། ད་གཟོད་གྲུབ་འབྲས་བཟང་བོ་ལེན་ཐུབ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་གི་དར་ཆ་མཐོན་པོར་བསྒྲེང་བ་དང་། དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་དམ་འཛིན་བྱེད་དགོས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་དང་ཐོན་ལས་འཕེལ་རྒྱས་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། ཚན་རིག་གི་གཞུང་ལུགས་ཞིབ་འཇུག་གིས་ཐོན་ལས་འཕེལ་རྒྱས་ཐད་འདེགས་སྐྱོར་བྱེད་པ། འབྲེལ་ཡོད་ཚད་ལྡན་མ་ལག་དང་གདེང་འཇོག་དམིགས་ཚད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེར་རྒྱུས་ལོན་སྔར་ལས་གསལ་བོ་དང་ངོས་ལེན་བྱེད་དུ་བཅུག་སྟེ། ཐོན་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་སྣོན་དགོས། མཐོ་སྒང་གི་བདེ་ཐང་རྒན་གསོའི་གསོ་རིག་དང་ཐོན་ལས་ཀྱི་གོང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་མཐོ་སྒང་གི་བདེ་ཐང་རྒན་གསོའི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བཟང་བོར་བསྒྲུབ་པ། གསར་གཏོད་ཚོང་རའི་གཙོ་གཞི་ནང་འདྲེན་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོ་མཆོང་བརྒལ་བྱེད་ས་རུ་བྱས་ནས། བྱེད་ཐབས་ཇེ་བཟང་དུ་བཏང་སྟེ་ལག་བསྟར་དམ་འཛིན་བྱེད་པ་དང་། མཐོ་སྒང་གི་བདེ་ཐང་དང་རྒན་གསོའི་གསོ་རིག་དང་ཐོན་ལས་འཕེལ་རྒྱས་ཐད་བྱ་བའི་རྨང་གཞི་བརྟན་པོ་བཏིངས།

ཀྲང་ཞའོ་རུང་དང་ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། འབྲུག་མོ།