མིག་ལ་སྨན་ཆུ་རྒྱུན་པར་བཏིག་ན་འགྲིག་གམ།
2023.07.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ཚོང་རའི་ནང་གི་སྨན་ཆུ་ལ་འཚོ་རྒྱུB6དང་གི་ཝང་སྐྱུར། ཕུའུ་ཨར་མེ། ཤིང་མངར་སྐྱུར་ཅཱ་གཉིས། ཤེལ་གཟུགས་སྐྱུར་ནཱ། མུ་ཟི་ཕྲུམ་རུས་རྒྱུ་སོགས་ཀྱི་གྲུབ་ཆ་འདུས། དེས་ན་གྲུབ་ཆ་དེ་དག་ལ་ཕན་ནུས་ག་འདྲ་ཡོད་དམ་ཞེ་ན།

ཕུའུ་ཨར་མེ། མིག་ལ་ཚོར་ལོག་བྱུང་བའི་ནད་རྟགས་ཁག་ཅིག་ཞི་བར་བྱེད་ནུས།

འཚོ་རྒྱུB6། མིག་ལ་འཚོ་བཅུད་སྟེར་ཅིང་འབྱར་སྐྱི་ལ་ཁྲག་རྒྱས་པ་འགོག་ཐུབ།

གི་ཝང་སྐྱུར། དེ་ནི་སིམ་འཛུལ་ཆེ་བའི་ཨེམ་ཅི་སྐྱུར་གྱི་རིགས་དམིགས་བསལ་བ་ཞིག་ཡིན་ཏེ། མིག་གི་དྲ་སྐྱི་རྨས་པ་དང་མཐོང་བྱེད་ཕྲ་ཕུང་རྒུད་པ་ལ་སྲུང་སྐྱོབ་ཀྱི་ནུས་པ་མངོན་གསལ་ལྡན།

ཤེལ་གཟུགས་སྐྱུར་ནཱ། ཤེལ་གཟུགས་སྐྱུར་དུའང་འབོད་ལ། ཟུར་སྐྱི་གོང་མར་རྨས་སྐྱོན་མི་འབྱུང་བར་བྱེད་པ་དང་། དེའི་ཕྲ་ཕུང་སྤོ་འགྱུར་འབྱུང་བར་གྲོགས་བྱེད་པ་ཡིན། དྲ་སྐྱིའི་མཐོང་ཤུགས་ཇེ་བཟང་དུ་གཏོང་ཐུབ། མིག་འབྲས་ཀྱི་ཕྱི་ངོས་ལ་ཕན་པར་མ་ཟད། ཟུར་སྐྱིའི་གནས་ཀྱི་མཆི་མའི་ཟགས་སྒོ་བརྟན་འཇགས་ཡོང་བར་བྱེད་ཐུབ།

ཤིང་མངར་སྐྱུར་ཅཱ་གཉིས། གཉན་ཚད་དང་ཚོར་ལོག་འགོག་པའི་ཕན་ནུས་དང་ལྡན།

མུ་ཟི་ཕྲུམ་རུས་རྒྱུ། མིག་གི་ཁྲག་རྒྱུན་འཁོར་རྒྱུག་དང་སྙིགས་དོར་བཅུད་ལེན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་ལས་གཞན། མིག་གི་གཉན་ཚད་འཇོམས་པ་ལའང་ནུས་པ་གང་འཚམ་ལྡན། དུས་མཚུངས་སུ་ཟུར་སྐྱིའི་རྨ་ཁ་སེལ་བ་དང་། མིག་གི་སྐམ་ཚག་སྙོམས་པར་བྱེད་པ་སོགས་ཀྱི་ཕན་ནུས་ལྡན།

དེས་ན་དེ་འདྲའི་ཕན་ནུས་སྣ་མང་འཛོམས་པའི་སྨན་ཆུ་དེ་མིག་ལ་རྒྱུན་དུ་བཏིག་ན་འགྲིག་གམ་ཞེ་ན།

མིག་ནི་ཚོར་བ་སྐྱེན་ལ་གནོད་པ་ཐེབས་སླ་བའི་དབང་བོ་ཞིག་སྟེ། བྱེ་རྡུལ་དང་སྤུ་རྩེ་སོགས་མིག་ལ་སོང་ཚེ། ང་ཚོས་ལམ་སང་ཚོར་བར་མ་ཟད་དེ་མ་ཉིད་དུ་མིག་རྡེབ་པ་དང་མིག་ཆུ་འདོན་པ་སོགས་བྱེད་ལ། དེ་དག་ནི་མིག་རང་ངོས་ལ་གཙང་མ་བཟོ་བའི་ནུས་པ་དང་ལྡན་པའི་མཚོན་རྟགས་རང་རེད།

སྨན་ཆུ་རྒྱུན་པར་དང་ཡུན་རིང་དུ་བཏིག་ན། མིག་འབྲས་ཕྱི་ངོས་སུ་རང་ཆས་སུ་བདོག་པའི་སྲིན་ཚོགས་འཁྲུགས་པར་འགྱུར་བ་ཡིན། ཕུའུ་ཨར་མེ་ཡི་གྲུབ་ཆ་དང་ལྡན་པ་དེ་རིགས་རྒྱུན་པར་བཏིག་ཚེ་མིག་ལ་གོམས་ལོབས་སུ་སོང་སྟེ་མ་བཏིག་ན་མིག་མི་བདེ་བའི་གནས་སུ་འགྱུར་ངེས། དེ་མིན་སྨན་ཆུ་ལ་རུལ་འགོག་རྫས་འདྲེས་པ་དང་། དེ་ནི་ནད་བསྐྱེད་སྐྱེ་དངོས་ཕྲ་རབ་ཀྱི་འཚར་སྐྱེ་འགོག་པ་དང་སྨན་ཆུའི་བརྟན་འཇགས་སྲུང་བར་བྱེད་པས། ཡུན་རིང་བོར་བཏིག་པ་དང་བཏིག་ནོར་བྱུང་ཚེ་མིག་འབྲས་ཕྱི་ངོས་ལ་རྨས་སྐྱོན་བཟོ་སྲིད་ལ། ཐ་ན་མཐོང་ཤུགས་ལ་གནོད་པ་ཚབས་ཆེན་ཡང་བཟོ་སྲིད། དེ་བས། སྣོད་ཁ་གང་ན་ཆུ་མི་འཚོག་པའི་དཔེ་བཞིན། སྨན་ཆུ་ཡང་མིག་ལ་རྒྱུན་དུ་བཏིག་ན་མི་ལེགས་པའི་ཆའང་མང་བས་གནས་བབ་དང་བསྟུན་ཤེས་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།