ལས་རིགས་བདེ་ཐང་ཞིབ་བཤེར་དང་ལས་རིགས་ནད་གཞིར་ངོས་འཛིན་བྱེད་པའི་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་།
2023.07.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནད་རིགས་ཚོད་འཛིན་ཅུའུ་ཡིས་ཉེ་ཆར《ལས་རིགས་བདེ་ཐང་ཞིབ་བཤེར་དང་ལས་རིགས་ནད་གཞིར་ངོས་འཛིན་དོ་དམ་བྱ་ཐབས་སྔར་ལས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས།

བརྡ་ཐོའི་ནང་དུ། མི་སྤྱོད་སྡེ་ཁག་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་རིགས་ཀྱི་ནད་གཞིའི་གནོད་འཚེ་ཡོད་པའི་ངལ་རྩོལ་པ་དག་ལས་གནས་སུ་མ་ཞུགས་གོང་དང་། ལས་གནས་སུ་ཞུགས་བཞིན་པའི་སྐབས། ལས་གནས་ནས་འབྲལ་སྐབས་བཅས་སུ་ལས་རིགས་བདེ་ཐང་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཞིང་ཆེན་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ལས་རིགས་བདེ་ཐང་ཞིབ་བཤེར་ལས་ཁུངས་དང་། ལས་རིགས་ཀྱི་ནད་གཞི་བརྟག་དཔྱད་ལས་ཁུངས་ཐོ་འགོད་བྱས་རྗེས་ཀྱི་ཞིབ་བཤེར་དང་དོ་དམ་ལ་སྔར་བས་ཤུགས་སྣོན་དགོས།

གསར་དུ་ཐོ་འགོད་སྙན་སེང་ཞུས་པའི་ལས་རིགས་བདེ་ཐང་ཞིབ་བཤེར་སྒྲིག་གཞི་དང་ལས་རིགས་ནད་གཞི་ཞིབ་བཤེར་སྒྲིག་གཞིས་ཐོ་འགོད་སྙན་སེང་ཞུས་རྗེས་ཀྱི་ཟླ་བ་གསུམ་གྱི་ནང་དུ། ཡུལ་དངོས་ནས་ཞིབ་བཤེར་བྱ་རྒྱུ་རྩ་འཛུགས་བྱེད་དགོས་པ་མ་ཟད།《ལས་རིགས་བདེ་ཐང་ཞིབ་བཤེར་དོ་དམ་བྱ་ཐབས》དང་།《ལས་རིགས་ནད་གཞིར་ངོས་འཛིན་དོ་དམ་བྱ་ཐབས》ནང་གཏན་འབེབས་བྱས་པའི་ཆ་རྐྱེན་མི་འཛོམས་པའི་སྡེ་ཚན་གྱི་མིང་ཐོ་དང་། ཡང་ན་ནུས་པ་མེད་པའི་ཞབས་ཞུའི་རྣམ་གྲངས་དུས་ཐོག་ཏུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

ས་གནས་སོ་སོའི་ལས་རིགས་བདེ་ཐང་ཞིབ་བཤེར་ལས་ཁུངས་དང་ལས་རིགས་ནད་གཞིར་བརྟག་དཔྱད་བྱེད་པའི་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་དང་དོན་དག་སྒྲུབ་པའི་སྐབས་དང་། དོན་དག་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་ལུགས་ལག་བསྟར་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མི་སྤྱོད་སྡེ་ཚན་རྩ་འཛུགས་བྱས་ནས་ལས་རིགས་ནད་གཞིའི་གནོད་འཚེ་ཡོད་པའི་ངལ་རྩོལ་པའི་ལས་རིགས་བདེ་ཐང་ལ་བརྟག་དཔྱད་བྱེད་པ་དང་། མི་སྤྱོད་སྡེ་ཚན་གྱིས་ངལ་རྩོལ་པར་ལས་རིགས་ནད་གཞིར་བརྟག་དཔྱད་བྱེད་པར་འབྲེལ་ཡོད་ཀྱི་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་པ་སོགས་ལྟ་སྐུལ་དོ་དམ་གྱི་ལས་ཀ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་ཕྲེང་ཐག་ཅན་གྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ནས། ངལ་རྩོལ་པའི་ལས་རིགས་བདེ་ཐང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས།

ལས་རིགས་ནད་གཞིར་བརྟག་དཔྱད་དང་སྨན་པ་དཀའ་བཅུ་པའི་ཐོབ་ཐང་གསོ་སྐྱོང་སྦྱོང་བརྡར་དང་རྒྱུན་མཐུད་གསོ་རིག་སློབ་གསོ་སྤེལ་རྒྱུར་རྩ་འཛུགས་བྱས་ནས། ལས་གཉེར་མི་སྣའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ལས་སྒོའི་ནུས་པ་ཇེ་ཆེར་གཏོང་བ་དང་། ལས་རིགས་ཀྱི་བདེ་ཐང་བརྟག་དཔྱད་དང་ལས་རིགས་ཀྱི་ནད་གཞིའི་བརྟག་དཔྱད་བྱས་འབྲས་གནད་འཁེལ་དང་བློས་འཁེལ་ཐུབ་ཚད་ཀྱང་ཇེ་མཐོར་གཏོང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།