སྤྱི་ཚོགས་དང་འབྲེལ་འདྲིས་མང་དུ་བྱས་ན་ཚེ་ཐག་རིང་པོ་ཡོང་ཐུབ།
2023.07.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། སྤྱི་ཚོགས་དང་འབྲེལ་འདྲིས་མང་བའི་རྒན་པ་རྣམས་ཀྱི་ཚེ་ཐག་ཧ་ཅང་རིང་བ་རེད། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཞིབ་འཇུག་ཚོགས་པས《མཆེད་ནད་རིག་པ་དང་སྡེ་ཁུལ་བདེ་ཐང》ཞེས་པའི་དུས་དེབ་སྟེང་བཀོད་པའི་ཞིབ་འཇུག་མཇུག་འབྲས་ལ་བལྟས་ན། རྒྱུན་དུ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱ་འགུལ་ནང་ཞུགས་པ་དང་ཀྲུང་གོའི་རྒན་པ་རྣམས་ཀྱི་ཚེ་ཐག་བར་དུ་མངོན་གསལ་གྱི་འབྲེལ་བ་ཡོད།

སྤྱི་ཚོགས་འབྲེལ་འདྲིས་ལ་ཞུགས་ཐེངས་ལྟར། ཞིབ་འཇུག་མི་སྣས་ཞུགས་མཁན་རྣམས་ཉི་མ་རེ་རེར་ཞུགས་པ་དང་གཟའ་འཁོར་རེར་ཐེངས་གཅིག་རེ་ཞུགས་པ། ཟླ་རེར་ཐེངས་གཅིག་རེ་ཞུགས་པ། སྐབས་འགར་ཞུགས་པ། གཏན་ནས་མི་ཞུགས་པ་བཅས་སུ་དབྱེ་སྟེ། ཞིབ་འཇུག་མི་སྣས་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་ཐེངས་དང་ཚེ་ཐག་བར་གྱི་འབྲེལ་བར་ཞིབ་འཇུག་བྱས། རྗེས་འདེད་བཅར་འདྲི་བྱས་པའི་ལོ་ངོ་ཉི་ཤུ་ཡི་རིང་ལ། སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་ཚད་དང་ཚེ་ཐག་བར་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་ཚད་ཇི་ལྟར་མཐོ་ན་ཚེ་ཐག་དེ་ལྟར་རིང་བ་ཤེས་ཤིང་། སྤྱི་ཚོགས་འབྲེལ་འདྲིས་གཏན་ནས་མི་བྱེད་པའི་མི་དང་བསྡུར་ན། སྐབས་འགར་སྤྱི་ཚོགས་འབྲེལ་འདྲིས་ལ་ཞུགས་པའི་མིའི་ཚེ་ཐག71%ཇེ་རིང་དུ་འགྲོ་སྲིད་པ་དང་། ཟླ་རེར་སྤྱི་ཚོགས་འབྲེལ་འདྲིས་ཐེངས་གཅིག་རེ་བྱས་པའི་མིའི་ཚེ་ཐག85%ཇེ་རིང་དུ་འགྲོ་སྲིད་ཅིང་། གཟའ་འཁོར་རེར་སྤྱི་ཚོགས་འབྲེལ་འདྲིས་ཐེངས་གཅིག་རེ་བྱས་པའི་མིའི་ཚེ་ཐག158%ཇེ་རིང་དུ་འགྲོ་སྲིད་ལ། ཉི་མ་རེར་སྤྱི་ཚོགས་འབྲེལ་འདྲིས་བྱས་པའི་མིའི་ཚེ་ཐག248%ཇེ་རིང་དུ་འགྲོ་སྲིད།

རྗེས་འདེད་བཅར་འདྲི་བྱེད་པའི་གོ་རིམ་ཁྲོད། ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། སྤྱི་ཚོགས་འབྲེལ་འདྲིས་ཀྱི་འཚོ་གནས་ཁེ་ཕན་དེ་སྤྱི་ཚོགས་འབྲེལ་འདྲིས་སུ་ཞུགས་པའི་ཚད་དང་འབྲེལ་བས། ཉི་མ་རེ་རེར་སྤྱི་ཚོགས་བྱ་འགུལ་ནང་ཆག་མེད་དུ་ཞུགས་ན་ད་གཟོད་ཚེ་ཐག་མངོན་གསལ་གྱིས་ཇེ་རིང་དུ་འགྲོ་བ་རེད། དེ་བས་རྒན་པ་རྣམས་དུས་རྒྱུན་དུ་སྤྱི་ཚོགས་བྱ་འགུལ་ནང་མང་དུ་ཞུགས་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།